ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་དྲ་ལམ་བརྒྱུད་བཀའ་ཆོས་དབུ་འཛུགས་མཛད་པ།

མདུན་ངོས། / ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་དྲ་ལམ་བརྒྱུད་བཀའ་ཆོས་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་དྲ་ལམ་བརྒྱུད་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣས་གསུང་ཆོས་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། པཱ་ལིའི་སྐད་དང་རྒྱ་སྐད་ཐོག་ནས་ཤེས་རབ་སྙིང་པོ་རིམ་པར་གསུང་འདོན་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལོ་ ༢༥༠༠ ལྷག་ཕྱིན་པ་རེད། དེང་སྐབས་ཕྱི་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པ་དང་། མི་མང་པོ་ཞིག་རྣམ་གཡེང་ཐོག་འགྲོ་བཞིན་པའི་སྐབས་འདིར་སྤྱིར་འཛམ་གླིང་འདིའི་སྟེང་རིས་སུ་མ་ཆད་པའི་ཆོས་ལུགས་དེ་དག་གིས་མིའི་སེམས་ལ་ཞི་བདེ་སྤྲོད་རྒྱུ་དང་། བྱམས་བརྩེ་གོང་སྤེལ་གཏོང་རྒྱུར་ཆོས་ལུགས་ཚང་མ་ཕན་ཐོགས་ཡོད། སྐབས་སུ་བབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གསུངས་པ་དེ་བཅོམ་ལྡན་འདས་པའི་ཆོས་ཀྱི་རྨང་གཞི་རེད། པཱ་ལི་དང་ལེགས་སྦྱར་གྱི་གཞུང་ཡིན་ནའང་རེད། གང་ལྟར་བདེན་བཞི་མི་རྟག་སོགས་བཅུ་དྲུག་གསུངས་པ་འདི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་བདེན་པ་བཞི་གསུངས་ནས་ང་ཚོས་མི་འདོད་པའི་སྡུག་བསྔལ་འདི་རྒྱུ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། རྒྱུ་དེ་ཇི་ལྟར་ཡིན་པ་བརྟག་དཔྱད་བྱེད་དུས་སེམས་ཁམས་རིག་པའི་ཐོག་ནས་ཆགས་སྡང་གི་བློ་ཡིས་སྡུག་བསྔལ་གཙོ་བོ་ཡོང་གི་ཡོད། ཆགས་སྡང་དེ་སེམས་ཀྱི་རང་བཞིན་ལ་ཞུགས་མེད་པ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཞེས་གསུང་གི་ཡོད།

གལ་ཏེ་ང་ཚོར་ཉམས་མྱོང་ཡོད་ན་ཚོད་དཔག་ཐུབ་ཀྱི་རེད། ཆགས་སྡང་ནི་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་གི་དབང་གིས་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ། ཡུན་རིང་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་དུ་ཞེན་པ་ལ་བརྟེན་ནས་ཆགས་སྡང་གི་བློ་སྐྱེ་ཡི་ཡོད་པ་ཧ་ཅང་གསལ་པོ་རེད་འདུག དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཞེས་པ་ནི། འཚོལ་ཞིབ་བྱས་ནས་བསམ་བློ་ཡག་པོ་བཏང་བ་ཡིན་ན། ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་ཞེས་པའི་ནང་ནས་གཙོ་བོ་ཉོན་མོངས་པའི་ཀུན་འབྱུང་རེད། ཉོན་མོངས་དུག་གསུམ་ཞེས་གསུང་བཞིན་པ་འདི་རྩ་བ་ཐུག་ས་ནི། གཏི་མུག་བདེན་འཛིན་ལ་ཐུག་གི་ཡོད། ཤེས་རབ་སྙིང་པོའི་ནང་བཅོམ་ལྡན་འདས་ཀྱི་བདེན་པ་བཞིའི་ནང་ནས་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་ཞེས་པ་འདི་འགྲེལ་བཤད་ཞིབ་ཚགས་པོ་བརྒྱབ་ནས་འགོག་བདེན་ཞེས་པ་ཐོབ་ཐུབ་ཀྱི་རེད།

གཙོ་བོ་ཤེར་ཕྱིན་གྱི་གཞུང་ལ་བརྟེན་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་བསམ་བློ་བཏང་ནས་ཆགས་སྡང་གི་རྩ་བ་བདེན་འཛིན་ཡིན་སྟབས། དེ་མེད་པ་བཟོ་ཐུབ་པ་ཤེས་རབ་སྙིང་པོའི་ནང་ག་ཏེ་ག་ཏེ།  པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་གསུངས་པ་འདིས་སེམས་ལ་འགྱུར་བ་བཏང་ནས་རིམ་པས་ཉོན་མོངས་ཀྱི་བློ་དེ་དག་རྩ་བ་མ་རིག་པ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ཡིན་ལུགས་ཕྱིན་ཅི་ལོག་གི་ལྟ་ཚུལ་ཞིག་གི་ཐོག་ནས་ཆགས་སྡང་གི་བློ་ཡོང་གི་ཡོད། ཡིན་ལུགས་ཇི་བཞིན་ཤེས་པ་ཡིན་ན། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་བློ་སྐྱེ་རྒྱུའི་གཞི་མེད། དེང་སྐབས་ཚན་རིག་པའི་ལྟ་གྲུབ་ནང་ཚད་རྡུལ་དངོས་ཁམས་རིག་པ་ (quantum physics) སྐོར་བཤད་ཀྱི་ཡོད། སྣང་ན་མི་མཐུན་པ་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཏག་ཏག་གསལ་བོ་བཤད་ཀྱི་འདུག སྣང་བ་ལྟར་གྲུབ་མེད། ཤེས་རབ་སྙིང་པོའི་ནང་ཟབ་མོ་སྟོང་པ་ཉིད་ཅེས་གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་སྟོང་ཉིད་བཞི་སྐོར་གསུངས་པ་འདིས་ཆད་མཐའ་སྐུར་འདེབས་ཀྱི་ལྟ་བ་སེལ་རྒྱུ་དང་། ཡོད་མཐའ་རྟག་མཐའ་སེལ་རྒྱུ་འདི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པའི་ཐོག་ནས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱིས་གསལ་ཡོང་གི་འདུག ཧ་ཅང་ཟབ་པོ་རེད་འདུག

ཨེ་ཤི་ཡའི་ཡུལ་གྲུ་རྒྱ་ནག་དང་། ཝི་ཏི་ནམ། ཀོ་རི་ཡ། ཉི་ཧོང་། པཱ་ལིའི་གཞུང་གི་རྗེས་འབྲང་འབར་མ་དང་། ཐེ་ལེནྜི་སོགས་ཧ་ལམ་ཨེ་ཤི་ཡའི་ས་ཁུལ་ཡོངས་རྫོགས་ལ་སངས་རྒྱས་པའི་ཆོས་ཁྱབ་པ་རེད་འདུག  ངོས་ཀྱིས་གོང་དུ་བརྗོད་པ་ལྟར་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་བཞིན་ཡོད་པ་མ་ཟད། མི་ལ་ཕན་གྱི་ཡོད། འོན་ཀྱང་རིགས་པའི་ཐོག་ནས་བསམ་བློ་བཏང་སྟེ་ཕྱིན་པ་ཡིན་ན། ནང་པའི་ཆོས་འདི་པཱ་ལི་གཞི་ལ་བཞག་ནས་རིམ་པས་རྒྱ་གར་ནང་ནཱ་ལེནྡྲའི་ལེགས་སྦྱར་ཆོས་བརྒྱུད་ཤུགས་ཆེ་རུ་ཕྱིན་ཏེ། ལེགས་སྦྱར་སྐད་ནི་ཤེས་ཡོན་ཅན་གྱི་སྐད་ཡིག་ཅིག་ཆགས་ཡོད་པ་འདིའི་ཐོག་ནས་ནང་ཆོས་གོང་འཕེལ་བཏང་ནས་བཅོམ་ལྡན་འདས་ཀྱི་གསུངས་པའི་བདེན་བཞི་མི་རྟག་སོགས་བཅུ་དྲུག་འདི་རྩ་བར་བཞག་ནས་རིགས་པའི་ལམ་གྱི་ཐོག་ནས་དཔྱད་པ་ཞིབ་ཚགས་པོ་བྱས་ནས་མདོར་ན་ནཱ་ལེནྡྲའི་འགྲོ་སྟངས་འདི་རིགས་པས་དཔྱད་པ་བྱེད་རྒྱུ་གཙོ་བོ་བྱས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཞིག་ཡིན་ནའང་རིགས་པས་དཔྱད་ཡོང་དུས་ཕྲན་བུ་མི་བདེ་བ་ཡོད་ན། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་དྲང་དོན་དགོངས་པ་ཅན་རེད། ངེས་དོན་མ་རེད་ཅེས་དབྱེ་བ་ཕྱེས་ཡོང་གི་འདུག

སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཆོས་སྐོར་དང་པོ་གསུངས་པ་ནི་རྨང་གཞི་རེད། ཤེར་ཕྱིན་སོགས་གསུང་རྒྱུ་འཁོར་ལོ་བར་པས་རིགས་པས་བསྒྲུབ་རྒྱུ་ཤུགས་ཆེན་པོ་གསུངས་ཏེ་དེང་སྐབས་སངས་རྒྱས་པས་ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱེད་རྒྱུ་འདི་ཚན་རིག་པས་དཔྱད་པ་བྱེད་རྒྱུ་དང་ཧ་ཅང་མཐུན་པོ་རེད་འདུག ང་ཚོས་མཐོང་བ་མངོན་གྱུར་ཞེས་པ་ནི་མཐོང་དུ་ཡོད་པ་འདི་རེད། ཚན་རིག་པས་ཀྱང་འདི་བཤད་ཡོང་གི་ཡོད་པ་རེད། དེ་ནས་རིགས་པས་དཔག་ཡོང་སྐབས་ཅུང་ཟད་ལྐོག་གྱུར་སྟོང་པ་ཉིད་ཀྱི་དོན་ལྟ་བུ་དང་། སྐད་ཅིག་སྐད་ཅིག་གིས་འཇིག་པའི་བདག་ཉིད་ཀྱི་མི་རྟག་པ། གང་ལྟར་རྒྱུ་འབྲས་ཀྱི་རྟེན་འབྱུང་གི་ཐོག་ནས་བསམ་བློ་བཏང་ཡོང་སྐབས་རྟེན་ནས་བཏགས་པའི་རྟེན་འབྱུང་གི་ཐོག་ལ་རིགས་པས་གཏན་ལ་ཕབ་ཡོང་གི་འདུག ཅེས་སོགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་བཞིན་ཆོས་དད་མེད་མཁན་གྱིས་ཀྱང་ཆོས་ཀྱི་ཁུངས་སུ་མ་བཞག་པར་ཤེས་ཡོན་གྱི་ཁུངས་སུ་བཞག་ནས་སློབ་སྦྱོང་གནང་ན་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་། ཨེ་ཤི་ཡའི་དད་ལྡན་ཚོས་དོན་གཉེར་གྱིས་དོ་སྣང་བྱས་པ་ལ་བསྔགས་བརྗོད་དང་འབྲེལ་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་ཀྱིས་བཀའ་སློབ་སྩལ་དོན། 

བུ་སྟོན་རིན་པོ་ཆེ་ཡོད་པའི་སྐབས་དང་མཐུན་པར་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས་བཞུགས་ས་དངུལ་ཆུ་ལ་ཡོད་པ་རེད། དེར་བརྟེན། བཞུགས་སའི་ས་གནས་ཀྱི་མིང་གིས་དངུལ་ཆུ་དང་། རྒྱལ་སྲས་ཞེས་པ་ནི་རྒྱལ་པོའི་སྲས་ཀྱི་སྐད་ཆ་མ་རེད། ཁོང་གིས་ཡོངས་གྲགས་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་སུ་བླངས་ནས་སྐབས་དེར་བྱང་ཆུབ་སེམས་དཔའི་མཚན་གཞི་ལྟ་བུར་ཡོངས་གྲགས་ཆགས་ཡོད་པ་རེད། དེར་བརྟེན། རྒྱལ་སྲས་ཞེས་གསུངས་པ་འདུག ཐོགས་མེད་བཟང་པོ་ནི་ཁོང་གི་མཚན་རེད། ལོ་རྒྱུས་ནང་འདི་ལྟར་གོ་རྒྱུ་འདུག བུ་སྟོན་རིན་པོ་ཆེ་མཁས་པ་ཆེན་པོ་རེད། སྐབས་ཤིག་བུ་སྟོན་རིན་པོ་ཆེའི་ཕྱག་ཏོག་ཙམ་མ་བདེ་བ་བྱུང་ནས་རྒྱལ་སྲས་ཐོགས་མེད་བཟང་པོ་ལ་ཁྱེད་རང་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་མྱོང་ཐོན་ཡོད་པ་ཞིག་རེད། ངའི་ལག་པ་འདི་ལ་ཕུ་ཞིག་གནང་དང་ཞེས་གསུངས་པའི་ལོ་རྒྱུས་ཡོད་པ་རེད། དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོ་ཞེས་གཞན་དང་མི་འདྲ་བའི་ཆོས་སྤྱི་དང་ལྷག་པར་བྱང་ཆུབ་ཀྱི་སེམས་ལ་མངའ་བརྙེས་པ་ཞིག་ཆགས་ཡོད་པ་རེད། ཅེས་བཀའ་སློབ་སྩལ་རྗེས་ལག་ལེན་སོ་བདུན་མའི་བཤད་ལུང་དབུ་འཛུགས་དང་། 

སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར།། 
འཁྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད།། 
དེ་ཕྱིར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ།། 
འཁྲུལ་པར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན།།  

ཞེས་པའི་མཚམས་པར་བཤད་ལུང་སྩལ་རྗེས་དད་ལྡན་ཆོས་ཞུ་བའི་བཀའ་འདྲི་ཁག་ཅིག་ལ་བཀའ་ལན་སྩལ་རྗེས་ཉིན་དང་པོའི་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།