ཝི་ཏི་ནམ་གྱིས་གཙོས་མི་རིགས་འདྲ་མིན་གྱི་དད་ལྡན་བརྒྱ་ཕྲག་གཉིས་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་བ།

མདུན་ངོས། / ཝི་ཏི་ནམ་གྱིས་གཙོས་མི་རིགས་འདྲ་མིན་གྱི་དད་ལྡན་བརྒྱ་ཕྲག་གཉིས་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་༢༠༢༠ ཟླ་བ་ ༡ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ་ཝི་ཏི་ནམ་གྱི་དད་ལྡན་མི་མང་ཁག་གཅིག་དང་། སིངྒ་པོར་གྱི་དད་ལྡན་མི་མང་ཁག་གཅིག གཞན་ཡང་། རིགས་འདྲ་མིན་གྱི་མི་གྲངས་ཁྱོན་བརྒྱ་ཕྲག་གཉིས་བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་མཇལ་བཅར་བ་རྣམས་ལ་འཚམ་འདྲི་དང་འབྲེལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཀྱི་ཆེ་བ་བརྗོད་པ་ནས་བརྩམས་ཏེ། ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་དང་། ཚན་རིག་པ་དང་མཉམ་དུ་བཀའ་མོལ་གནང་སྐབས་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སེམས་ཁམས་ཀྱི་རྣམ་གཞག་ཐད་ནས་ཁོ་ཚོས་དམིགས་བསལ་གྱིས་བློ་བསྐྱེད་ལེན་བཞིན་ཡོད་པའི་སྐོར་དང་། ནཱ་ལེནྡྲའི་ཆོས་བརྒྱུད་ནི་སློབ་དཔོན་ཞི་བ་འཚོས་བོད་ལ་ལམ་སྟོན་གནང་བ་ལྟར་གཏན་ཚིགས་རིག་པའི་ཐོག་ནས་སློབ་གཉེར་བྱེད་བཞིན་ཡོད་པ་དང་། དུས་རབས་ཉེར་གཅིག་པའི་ནང་པ་བྱེད་པ་ལ་དད་པ་གཅིག་པུས་མི་འགྲིག་པར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ནང་པའི་ཆོས་ཀྱི་འགྲོ་སྟངས་ཆ་ཚང་ཞིག་རྒྱུ་མཚན་ལྡན་པའི་ཐོག་ཤེས་དགོས་པ་དང་། དེ་ལྟར་བྱུང་ཚེ་ནང་པའི་ཆོས་འདི་བཞིན་དུས་རབས་ཁ་ཤས་ལ་གནས་ཐུབ་པའི་རེ་བ་ཡོད་པ་རེད་ལ། དད་པ་རྐྱང་པའི་ཐོག་ཕྱིན་ཚེ་ག་ཚོད་བར་དུ་གནས་ཐུབ་མིན་བཤད་ཚོད་ཐིག་དཀའ་བ་རེད། ལྷག་པར་དུ་ཚན་རིག་དང་མཐུན་པ་བྱས་ནས་འགྲོ་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། 

དྲི་བ་དྲིས་ལན་གྱི་གོ་སྐབས་གནང་སྐབས་མཇལ་བཅར་བ་གཅིག་གིས་ཝི་ཏི་ནམ་གྱི་སྐད་ཀྱི་ཐོག་རྟགས་གསལ་གཏོང་བཞིན་ཡོད་སྐོར་དང་། མ་འོངས་པར་༸རྒྱལ་བ་རིན་པོ་ཆེར་གཟིགས་འབུལ་ཞུ་ཐུབ་པའི་རེ་བ་ཡོད་སྐོར་༸སྙན་སེང་ཞུས་པར་རྡ་རམ་ས་ལར་བྱུང་ན་ཡག་པོ་ཡོད་པའི་ལམ་སྟོན་ཕེབས། དེ་བཞིན་ཚན་རིག་ཀུན་བཏུན་གྱིས་རྒྱ་འགྱུར་དཔེ་དེབ་དེ་བཞིན་རྒྱ་ནག་གི་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་ཞིག་གིས་གཟིགས་ནས་བོད་ཀྱི་ཆོས་བརྒྱུད་ནི་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་དང་། དེ་ཡང་ཚན་རིག་དང་མཐུན་སྐོར་བརྗོད་པ་ལུང་འདྲེན་གནང་ཡོད་པ་དང་། ཚན་རིག་པས་བཤད་པའི་ཚད་རྡུལ་དངོས་ཁམས་ཀྱི་རྣམ་གཞག་དང་ནང་པའི་གཞུང་ལས་བྱུང་བའི་ཚད་རྡུལ་དངོས་ཁམས་ཀྱི་རྣམ་གཞག་གཉིས་ལས་ནང་པའི་གཞུང་ལས་བྱུང་བ་ནི་ཧ་ཅང་གཏིང་ཟབ་མོ་ཡོད་སྐོར་སོགས་བཀའ་སློབ་སྩལ་རྗེས། སྡེ་ཚན་ཁག་བགོས་ཀྱིས་སྐུ་པར་ལྷན་སྒྲོན་མཛད་ཡོད་པ་བཅས།