གནས་མཆོག་རྡོ་རྗེ་གདན་དུ་འཇམ་དབྱངས་ཆོས་སྐོར་ལས་རྗེ་བཙུན་མ་ནག་མོའི་བཀའ་དབང་བཀའ་དྲིན་སྩལ་བ།

མདུན་ངོས། / གནས་མཆོག་རྡོ་རྗེ་གདན་དུ་འཇམ་དབྱངས་ཆོས་སྐོར་ལས་རྗེ་བཙུན་མ་ནག་མོའི་བཀའ་དབང་བཀའ་དྲིན་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བར་འཇམ་དབྱངས་ཆོས་སྐོར་ལས་རྗེ་བཙུན་མ་ནག་མོའི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་སྤོས་སྣེས་མདུན་བསུ་དང་བཅས་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་ཐོག་མར་རྗེ་ཙོང་ཁ་པ་རྗེས་དྲན་ཆེད་རི་བོ་དགེ་ལྡན་པའི་དགོན་སྡེ་ཁག་གི་སློབ་གཉེར་བ་དགེ་འདུན་པ་དང་། བཙུན་མ་བཅས་ནས་བློ་འཛིན་རྒྱུགས་སྤྲོད་འབུལ་མཁན་ཁོངས་ནས་རྩེ་ཕུད་ལྔ་བཅུ་ཐམ་པའི་ལྷན་དུ་སྐུ་པར་སྒྲོན་པ་དང་། དེ་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འབྲེལ་ཡོད་ནས་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། འབར་མའི་དགེ་འདུན་པ་ཁག་གཅིག་གིས་བཀྲ་ཤིས་པའི་མདོ་གསུང་འདོན་དང་། རཱ་ཤི་ཡའི་དགེ་འདུན་པ་དང་མི་སྐྱ་ཕོ་མོ་ཁག་གཅིག་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན། དེ་བཞིན་ནུབ་ཕྱོགས་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་ནང་པའི་རྗེས་འཇུག་གི་དགེ་འདུན་པ་དང་མི་སྐྱ་ཕོ་མོ་ཁག་གཅིག་གིས་ཨིན་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་འཇམ་དབྱངས་ཆོས་སྐོར་གྱི་ནང་ཚན་ལྷག་པའི་ལྷ་རྗེ་བཙུན་མ་ནག་མོ་རེད། འདི་ནི་ནམ་རྒྱུན་གཅོད་གཏོང་བའི་སྐབས་ཀྱི་ཁྲོས་མ་ནག་མོ་དང་ཕལ་ཆེར་གཅིག་པ་ཡིན་པ་འདྲ། ངོས་ཀྱིས་འདིར་སྒྲུབ་ཞག་མགོ་བཙུགས་ཡོད། འཕྲོ་ཏོག་ཙམ་བསྐྱལ་དགོས་ཞེས་དེའི་རིང་མི་མང་བྱིངས་ཀྱིས་དམིགས་བརྩེ་མ་གསུང་འདོན་དགོས་པ་བཀའ་ཕེབས་པ་དང་། སྒྲུབ་ཞག་གྲུབ་མཚམས་རྗེ་བཙུན་མ་ནག་མོའི་བཀའ་དབང་དབུ་འཛུགས་ཀྱིས་བྱང་སྡོམ་དང་སྔགས་སྡོམ་རིམ་པར་གནང་ཞིང་། བྱང་སེམས་ངོ་སྤྲོད་དང་འབྲེལ་རང་གཞན་གྱི་བར་ཆད་སོགས་བྱ་བ་ཆ་ཚང་བ་བྱང་སེམས་སྒོམ་པའི་ཐོག་ནས་སེལ་ཐུབ་པ་མ་ཟད་བཀྲ་ཤིས་པ་ཡོང་བའི་སྐོར་དང་། དེ་མཚུངས་བྱང་སེམས་སྒོམ་མཁན་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་ཡིན་པའི་སྐོར་ལ་བཀའ་སློབ་སྩལ་བ་དང་། རྣལ་འབྱོར་ཞེས་པ་ནི་དོན་རྣལ་མ་ལ་རང་སེམས་འབྱོར་བའི་དོན་ཡིན་པ་སོགས་བཀའ་སློབ་དང་། ཆུ་ཚོད་༡༠།༤༥ ཙམ་ལ་འཇམ་དབྱངས་ཆོས་སྐོར་ལས་རྗེ་བཙུན་མ་ནག་མོའི་བཀའ་དབང་ལེགས་པར་གྲུབ་ཡོད་པ་བཅས།