སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་བ།

མདུན་ངོས། / སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གནས་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་རྒྱལ་ཁབ་ ༦༧ ནས་ཕེབས་པའི་ཆོས་ཞུ་བ་ ༣༥༠༠༠ བརྒལ་བར་བྱང་སེམས་ཀྱི་སྡོམ་པ་འབོག་ཆོག་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་བཞུགས་གནས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་གསུང་ཆོས་སྦྱིན་བདག་གྲས་ཨེམ་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། ཝེ་ཏི་ནམ་གྱི་དགེ་འདུན་པ་ཁག་གཅིག་གིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། དེ་རྗེས་རྒྱ་གར་གྱི་དགེ་འདུན་པ་ཁག་གཅིག་གིས་ལེགས་སྦྱར་སྐད་དང་། ཀོ་རུ་ཡའི་དགེ་འདུན་པ་དང་བཙུན་མ་སོགས་ཁག་གཅིག་གིས་རང་སྐད་ཐོག་ཤེར་སྙིང་གསུངས་འདོན་རིམ་པར་གནང་རྗེས། ཨེམ་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས། 

དེ་རྗེས་ཕྱག་སྟོང་འཁོར་ལོའི་བསྒྱུར་བའི་རྒྱལ་བོ་སོགས་གསུངས་འདོན་དང་འབྲེལ་ཁྱོད་རང་ཚོས་མ་ཎི་གསོག་ཅེས་བཀའ་ཕེབས་ནས་མགོན་པོ་གང་ཉིད་མཆོག་གིས་བཀའ་དབང་སྔོན་འགྲོའི་སྒྲུབ་ཞག་མཛད་པ་དང་། སྒྲུབ་ཞག་མཛད་གྲུབ་མཚམས་བཀའ་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན།  གནས་ཁྱད་པར་ཅན་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས། བསྟན་པའི་གཏད་རབས་བདུན་དང་། དེ་གཞིན་རིམ་གྱིས་ནཱ་ལེནྡྲའི་མཁས་པའི་དབང་པོ་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ལ་སོགས་པས་སངས་རྒྱས་པའི་བསྟན་པའི་བྱ་བ་རླབས་ཆེན་མཛད་ནས། དེ་ཡང་བསྟན་པའི་བྱ་བ་མཛད་ཅེས་པ་བྱིན་རླབས་ཀྱི་སྐད་ཆ་གཅིག་པུ་མ་ཡིན་པར་ཡིག་འཇོག་མཛད་པའི་ཐོག་ནས་སངས་རྒྱས་པའི་ཆོས་དེ་འདྲ་འདྲའི་ནང་ནས་མི་འདྲ་བར་ལྟ་གྲུབ་ཀྱི་རྣམ་གཞག་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དུས་ད་ལྟའི་བར་དུ་གནས་ཡོད་པ་དེ་ལྟར་རེད། 

དེང་སང་གི་དུས་ཚོད་ལ་དངོས་པོ་ཧ་ཅང་ཡར་རྒྱས་ཕྱིན་ཡོད་ཀྱང་། དེས་ཕྱིའི་ལུས་པོ་བདེ་ཐང་ཡོང་བ་དང་། ལུས་པོའི་བདེ་སྐྱིད་ཙམ་མ་གཏོགས་ནང་སེམས་ཁམས་མ་སྐྱིད་པ་ཡོང་བ་ལ་གང་ཡང་བྱ་རྒྱུ་མི་འདུག དེར་བརྟེན། དེང་སང་བདེ་སྐྱིད་ནི་ཕྱི་ལ་མཛུ་གུ་བཙུགས་རྒྱུ་མིན་པར་ནང་བློ་ལ་མཛུ་གུ་འཛུགས་རྒྱུ་ཞིག་དང་། བློ་ལ་ཡང་སྒོ་ལྔའི་ཤེས་པ་དང་ཡིད་བློ་བཅས་ཡོད་པའི་ནང་ནས་དངོས་པོ་ཡར་རྒྱས་རྐྱང་རྐྱང་ཕྱིན་པ་དེ་སྒོ་ལྔའི་ཤེས་པ་རྐྱང་བའི་སྐད་ཆ་རེད། ལྟད་མོ་བལྟས་པ་ཡིན་ན་མིག་དབང་ལ་བརྟེན་པའི་མིག་གི་ཤེས་པས་ཉམས་སུ་མྱང་ནས་ཡིད་བློའི་སྟེང་གནས་སྐབས་ཀྱི་བདེ་བ་ཞིག་དང་། ཇི་སྲིད་མིག་གིས་ལྟད་མོ་མཐོང་བའི་རིང་ལ་ཡིད་ཚིམས་པ་ཞིག་ཡོང་བ་དང་། དེ་འགག་སོང་ན་གང་ཡང་ཡོད་པ་མ་རེད། དེ་བཞིན་རྣ་བའི་ཤེས་པས་སྒྲ་ཉན་ནས་སྒྲ་སྙན་པོ་རོལ་མོ་ལྟ་བུ་ཐོས་སྐབས་ཡིད་བློ་གནས་སྐབས་ཚིམས་སྡོད་པ་ལྟ་བུ་ལས་གང་ཡང་མི་འདུག གང་ལྟར་མ་སྐྱིད་པ་བཟོ་མཁན་དེ་ཡིད་བློའི་སྟེང་ནས་ཡོང་གི་ཡོད་པ་དང་། སེམས་འཁྲུག་ནས་མ་སྐྱིད་པར་ཡོད་པ་དེ་མིག་གི་ཤེས་པས་ལྟད་མོར་བལྟས། རྣ་བའི་ཤེས་པས་སྒྲ་ལ་ཉན་པ་ཡིན་ནའང་ཡིད་ཀྱི་སྡུག་བསྔལ་སེལ་ཐུབ་ཀྱི་མི་འདུག དེར་བརྟེན། སྒོ་ལྔའི་ཤེས་པར་མ་བརྟེན་པར་ཡིད་བློ་རང་གི་སྟེང་ནས་བསམ་བློ་བཏང་ནས་མི་སྐྱིད་པ་ཅི་ཞིག་གིས་བྱེད་བཞིན་པ་དང་། དེའི་རྒྱུ་དང་རྐྱེན་ཅི་ཞིག་ཡིན་པ་ལ་བསམ་བློ་བཏང་ནས་ཡིད་བློའི་སྟེང་ནས་མ་སྐྱིད་པ་ཡོང་བ་ཉུང་དུ་གཏོང་དགོས། རྒྱུ་དང་རྐྱེན་དེའི་ལྡོག་ཟླ་དེ་དག་གིས་ཡིད་ཚིམས་པ་དང་བློ་བག་ཕེབས་པོ་ཞིག་ཡོང་བཞིན་ཡོད། གཙོ་བོ་ཡིད་བློའི་སྟེང་ནས་བདེ་སྐྱིད་འཚོལ་རྒྱུ་གལ་ཆེན་པོ་འདུག  

འཛམ་གླིང་གི་ཆོས་ལུགས་ཚང་མས་ལོ་སྟོང་ཕྲག་རིང་མི་དུང་ཕྱུར་མང་པོར་ཕན་ཐོགས་བྱུང་ཡོད་པ་རེད། ཧ་ཅང་ཡག་པོ་རེད། ཆོས་ལུགས་ཚང་མར་ངོས་ཀྱིས་གུས་པ་བྱེད་བཞིན་ཡོད། ཆོས་ལུགས་ལ་སྡོམ་བརྒྱབ་པ་ཡིན་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་གཅིག་བཅས་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གིས་དཀའ་ངལ་འཕྲད་སྐབས་དཀོན་མཆོག་མཁྱེན་ཞེས། དེ་རང་གི་ཐོག་ནས་འགྲོ་བཞིན་འདུག དཀའ་ངལ་འཕྲད་པའི་སྐབས་སུ་དཀོན་མཆོག་མཁྱེན་ཞེས་བློ་འཇོག་ས་ཞིག་ཡོད་པས་ཕན་གྱི་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་རྒྱ་གར་གྱི་གྲངས་ཅན་ལྷ་མེད་པ་ནས་བཟུང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དག་གིས་བདེ་སྡུག་སོ་སོ་རང་གི་སེམས་ཀྱི་སྟེང་ནས་གནད་འགག་ཤེས་པའི་ཐོག་ཡིད་བློའི་སྡུག་བསྔལ་མ་ཡོང་བའམ་ཉུང་དུ་གཏོང་བ་ཞིག་དང་། ཡིད་བློའི་སྟེང་ཞི་ལྷོད་དམ་སེམས་ཀྱི་བདེ་སྐྱིད་ཡོང་བ་ཞིག་རེད། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ལུགས་འདི་ནི་ཡིད་བློའི་རྣམ་གཞག་ཞིབ་ཕྲ་གསུངས་ཡོད། དཔེར་ན། ང་ཚོས་བློ་རིག་སྦྱོང་བའི་སྐབས་སུ་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་། སེམས་དང་སེམས་བྱུང་། གཙོ་སེམས་དྲུག་ཡིན་ན་འདྲ། ཡང་ཀུན་གཞི་རྣམ་ཤེས་དང་རྣམ་ཤེས་ཚོགས་བརྒྱད་སོགས་ཡིད་བློའི་ཐོག་ལ་ཧ་ཅང་ཞིབ་ཚགས་པོ་འདུག ཀུན་འགྲོ་ལྔ་དང༌། ཡུལ་ངེས་ལྔ་དང༌། རྩ་ཉོན་དྲུག་དང༌། ཉེ་ཉོན་ཉི་ཤུ་དང༌། དགེ་བ་བཅུ་གཅིག་དང༌། གཞན་འགྱུར་བཞི་བཅས་སེམས་བྱུང་ང་གཅིག་གི་དབྱེ་བ་ཕྱེས་ནས་ཧ་ཅང་ཞིབ་ཚགས་པོ་བྱས་ཡོད། 

དེ་ལ་སྤྱིར་རྒྱ་གར་གྱི་ཆོས་བརྒྱུད་དང་དེའི་ནང་ཚན་ནས་རིམ་བཞིན་ཡར་རྒྱས་ཕྱིན་ཡོད་པ་ཕལ་ཆེར་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཆགས་ཡོད། ཧ་ཅང་ཞིབ་ཚགས་པོ་རེད། སྐྱེ་བ་སྔ་ཕྱི་ཁས་མ་བླངས་ནའང་ཚེ་འདི་ཡི་ཉིན་རེའི་སེམས་ཞི་ལྷོད་ཡོང་བར་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སེམས་ཁམས་རིག་པར་དོ་སྣང་བྱས་པ་ཡིན་ན་ཕན་ཐོགས་ཡོད། ཁ་སང་ཞུས་པ་བཞིན་ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་ཀྱི་ཡོད་པ་རེད། ཅེས་དང་། 

སྤྱི་བཤད་ཁ་སང་ཞུས་ཟིན་པས་དེ་རིང་དགོས་པ་མི་འདུག དེ་རིང་སྔོན་ལ་སེམས་བསྐྱེད་ཡིན། ཐོགས་མེད་ཀྱི་ས་སྡེ་ལྔ་ཞེས་བྱང་ས། ཉན་ས་ཞེས་ཡོད་པའི་བྱང་ས་ཚུལ་ཁྲིམས་ལེའུའི་སྐབས་སུ་སྡོམ་པ་སྲུང་སྟངས་ཞིབ་ཕྲ་ཞིག་གསུངས་ཡོད་པ་རེད། བར་སྐབས་དེ་ཉམས་ཡོད་པ་ལྟ་བུ་འདུག རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བཀའ་བབ་ལྟ་བུ་བྱམས་པ་ནས་ཐོགས་མེད་བྱས་ཏེ་མར་ཆགས་ཡོད། དེར་བརྟེན། བྱང་ས་ནས་གསུངས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་རྒྱུ་དེ་གསོ་ཐུབ་ནས་བསམ་ཡོད། དེ་ཆོ་གའི་ནང་དུ་ཡོད་པ་བཞིན་རྟེན་གྱི་དྲུང་ནས་བླངས་ཆོག་པ་ཞིག་ཆགས་ཡོད། ངོས་ཀྱིས་ཡོངས་འཛིན་གླིང་རིན་པོ་ཆེ་ལ་སྐྱབས་འཇུག་ཞུས་ཏེ་བྱང་ས་ནས་གསུངས་པའི་བྱང་སྡོམ་དེ་རྟེན་གྱི་དྲུང་ནས་བླངས་ཆོག་པ་ཡིན་པས་སྔོན་ལ་ཡོངས་འཛིན་རིན་པོ་ཆེ་རང་གིས་རྡོ་རྗེ་གདན་གྱི་རྟེན་དྲུང་ནས་སྡོམ་པ་དེ་བཞེས་ཐུབ་ནཌདེ་ནས་ངོས་ཀྱིས་ཞུ་རྒྱུ་ཡིན་ཞེས་སྙན་སེང་ཞུས་པ་དང་། ཡོངས་འཛིན་རིན་པོ་ཆེས་དེ་བཞིན་ཐུགས་ལ་བབས་ནས་རྟེན་གྱི་དྲུང་ནས་བྱང་ས་ནས་གསུངས་པའི་སྡོམ་པ་བཞེས་པ་དེ་ལྟར་རེད། དེ་ནས་ངོས་ཀྱིས་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་དང་། སྐབས་དེར་མཆོད་གཡོག་གནང་མཁན་གསེར་ཀོང་མཚན་ཞབས་རིན་པོ་ཆེ་ཡིན། བྱང་སྡོམ་གནང་སྐབས་ངོས་རང་སེམས་སྐྱོ་ནས་མིག་ཆུ་ཤོར་བ་དང་། གསེར་ཀོང་རིན་པོ་ཆེས་ཡང་མིག་ཆུ་བཏང་བྱུང་། ཧ་ཅང་སྐལ་བ་བཟང་པོ་བྱུང་། 

དེ་ནས་བཟུང་བྱང་ས་ནས་མཚམས་དང་མཚམས་ལ་གསུངས་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་བྱེད་པ་འདི་ངོས་ཀྱིས་འདོན་བཞིན་ཡོད། དེ་རིང་བྱང་སའི་ཚུལ་ཁྲིམས་ལེའུར་གསུངས་པའི་བྱང་སྡོམ་འབོག་རྒྱུ་ཡིན། འདི་རྗེ་རིན་པོ་ཆེའི་བྱང་སའི་ཚུལ་ཁྲིམས་ལེའུའི་ནང་དུ་གསལ་བོ་འདུག ངོས་ཀྱིས་དེའི་ཐོག་ནས་ཞུ་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་རིམ་པར་གནང་བ་དང་། དེ་རྗེས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་གྲུབ་བསྟུན་བཀའ་སློབ་སྩལ་དོན། 

འདི་ཡན་ནི་གནས་ཁྱད་པར་ཅན་འདིར་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་ལེགས་པར་ཕུལ་ཟིན་པ་ཡིན། ཐེངས་འདིར་ཁ་སང་ལག་ལེན་སོ་བདུན་མ་དང་། དེ་རིང་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག  དེའི་རྗེས་ཐུགས་རྗེ་ཆེན་པོའི་དབང་ཆེན་བཅས་ལེགས་པར་ཟིན་པ་རེད། ཉིན་རེ་བཞིན་ཏུ་མ་ཎི་རབ་ལ་སྟོང་ཕྲག ཁྲི་བགྲངས་མཁན་ཡང་ཡོང་གི་འདུག ཧ་ཅང་ཡག་པོ་རེད། སྟོང་ཕྲག་ཁ་ཤས་དང་མ་མཐའ་ཡང་བརྒྱ་ཕྲག་ཁ་ཤས་བགྲང་རྒྱུ་དང་། ག་ལེར་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཀྱི་ཐོག་ནས་རང་ལྷ་རུ་སྒོམ་ནས་མ་ཎི་བསག་པ་ཡིན་ན་ངོས་ཀྱིས་ཀྱང་མ་ཎི་འབྲུ་འབུམ་ཚར་མང་པོ་བཏང་མྱོང་། འབྲུ་འབུམ་ནི་འབུམ་དྲུག་རེད། ཁྱོད་རང་ཚོས་ཀྱང་སྤྱན་རས་གཟིགས་ཀྱི་ཆོ་ག་རྒྱས་བསྡུས་ག་རེ་ཡིན་ནའང་དེ་འདྲ་ཞིག་དང་འབྲེལ་ནས་མ་ཎི་འབྲུ་འབུམ་བགྲང་བ་ཡིན་ན་ཕན་ཐོགས་ཡོང་གི་རེད། མཁྱེན་སོང་ངམ། མ་ཎི་འབུམ་དྲུག་བགྲང་བའི་སྐབས་སུ་གཙོ་བོ་བྱམས་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཡག་པོ་གཏོང་དགོས། བསྙེན་པ་གཏོང་བའི་སྐབས་སུ་སྤྱོད་འཇུག་བློ་རུ་འགྲོ་བཞིན་ཡོད་ཚེ་ཡིད་བཤར་བྱེད་པ་དང་། བློ་ལ་འགྲོ་གི་མེད་ཚེ་མདུན་ལ་དཔེ་ཆ་བཞག་ནས་ལེའུ་དྲུག་པས་བྱིན་རླབས་ཀྱི་སྐད་ཆ་མིན་པར་རིག་པ་རང་གི་ཐོག་ནས་དཔྱད་ནས་ཡོང་སྐབས་ཁོང་ཁྲོའི་ཉེས་དམིགས་བསྟན་ནས་ཁོང་ཁྲོ་ཁ་གྲགས་རྒྱུ་མེད་པ་ཞིག་ཆགས་ཡོང་གི་ཡོད་པ་དང་། ལེའུ་བརྒྱད་པ་སེམས་བསྐྱེད་ཀྱི་ལེའུ་འདིར་བསམ་བློ་བཏང་ཡོང་སྐབས་རང་གཅེས་འཛིན་དབུགས་ཟུམ་ནས་སྡོད་དགོས་པ་ཞིག་ཏན་ཏན་ཡོང་གི་འདུག  དེར་བསམ་བློ་གཏོང་དགོས། དེའི་ཐོག་ལ་ངག་ནས་མ་ཎི་བགྲང་བ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། 

ང་རང་ཚོ་རིམ་བཞིན་སྐྱེས་པའི་མཐའ་མ་འཆི་བ་རེད། ཤི་རྒྱུ་རེད། སོ་སོའི་དགའ་ཉེ་བློ་དཀར་དང་། གྲོགས་པོ་གྲོགས་མཆེད་སོགས་གྲོངས་པའི་སྐབས་སུ་འདས་པོའི་ཆེད་དུ་དམིགས་ནས་མ་ཎི་འབྲུ་འབུམ་རེ་རེ་བསགས་པ་ཡིན་ན་དེས་ཏན་ཏན་ཕན་ཐོགས་ཡོང་གི་རེད། མཁྱེན་སོང་ངམ། འདས་པོ་ཚོར་ཡང་ཕན་གྱི་རེད། ཡིག་དྲུག་བགྲངས་མཁན་སོ་སོར་ཡང་ཕན་གྱི་རེད། དེ་ལྟར་གནང་ཤོག འདི་ཡན་ཆད་དུ་མང་ཚོགས་ཀྱི་བཀའ་ཆོས་གྲུབ་པ་བྱེད། སང་ཉིན་ནས་འཇམ་དབྱངས་ཆོས་སྐོར་གྱི་འཕྲོ་ཁ་ཤས་ཤིག་ལྷག་ཡོད་པ་རེད། དེ་དག་འདོན་རྒྱུ་ཡིན། འཇམ་དབྱངས་ཆོས་སྐོར་ལ་འཇིགས་བྱེད་དཔའ་གཅིག་གི་དབང་ཐོབ་དགོས་པ་རེད། ཡིན་ནའང་། ཁྱོད་རང་ཚོ་མང་ཚོགས་དད་པ་རྩེ་གཅིག་པ་ཡིན་པས་དབང་དེ་ཐོབ་མེད་ནའང་མོས་གུས་དང་དད་པ་གལ་ཆེ་ཤོས་རེད། དེར་བརྟེན། ཁྱོད་རང་ཚོས་དོན་གཉེར་བྱས་ཏེ་ཡོང་ནའང་འགྲིག་གི་ཡོད་པ་རེད། ན་ནིང་དཔའ་གཅིག་གི་དབང་བཏོན་པ་ཡིན། ད་ལོར་དུས་ཚོད་ཡོད་པ་མ་རེད་ལ་མི་དགོས་པ་བྱེད། མོས་པ་རྩེ་གཅིག་པ་བྱས་ཏེ་ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་ཨ་ར་པ་ཙམ་བསགས་ཀྱི་ཡོད་པས་རིག་པ་ལ་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་འདུག རྗེ་བཙུན་འཇམ་པའི་དབྱངས་ནས་བརྟེན་ནས་ཤེས་རབ་སྒྲུབ་པ་ཡིན་ན་ཤེས་རབ་འཆལ་བའི་ངོར་འགྲོ་གི་ཡོད་པ་མ་རེད། ཡིན་ལུགས་དང་མཐུན་པའི་ཤེས་རབ་ཀྱི་ངོར་འགྲོ་བཞིན་ཡོད་པས་སང་ཉིན་ནས་འཇམ་དབྱངས་ཆོས་སྐོར་གྱི་འཕྲོས་ལྔ་དེ་ཡིན། ཞེས་བཀའ་སློབ་སྩལ་བ་དང་། གཞན་ཡང་། སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་སྨོན་ལམ་ལ་ཞལ་འདེབས་ཕུལ་མཁན་མང་པོ་བྱུང་ཡོད་པས་བྷང་ལ་དྷེ་ཤི་ཡི་བཙལ་བྱོལ་བ་དང་། ཨ་ཧྥེ་རི་ཁའི་ནང་གི་བཙན་བྱོལ་བ་སོགས་ཧ་ཅང་ཉམ་ཐག་གང་དྲག་བསམ་པ་མང་པོ་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱོ་བོ་ཉམ་ཐག་ལ་རོགས་པ་བྱེད་མཁན་སྡེ་ཚན་དེར་ཞལ་འདེབས་ཤིག་རྒྱག་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་སོགས་ལམ་སྟོན་དང་འབྲེལ་བཀའ་ཆོས་གནང་སྒོ་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་ཡོད།