རྡོར་གདན་མཆོད་རྟེན་ཆེན་མོར་གནས་མཇལ་མཛད་པ།

མདུན་ངོས། / རྡོར་གདན་མཆོད་རྟེན་ཆེན་མོར་གནས་མཇལ་མཛད་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༥ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༠༠ ཙམ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་རྒྱ་གར་བྷི་ཧར་མངའ་སྡེའི་གྷ་ཡ་རྫོང་དུ་ཡོད་པའི་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་སྟོན་པའི་སྐུ་བརྙན་ལ་མཆོད་མཇལ་དང་ཐུགས་སྨོན་གནང་ཡོད་པ་རེད།

དེ་ཡང་ཞོགས་པར་བྷི་ཧར་མངའ་སྡེའི་བདེ་སྲུང་མི་སྣས་བཞུགས་སྒར་ནས་ཕེབས་ལམ་སྲུང་སྐྱོབ་ཚགས་ཚུད་དང་བཅས་མགོན་པོ་གང་ཉིད་མཆོག་དང་སྐུ་འཁོར་ལྷན་རྒྱས་དགའ་ལྡན་འཕེལ་རྒྱས་གླིང་ནས་ཆིབས་འཁོར་ལས་མཆོད་རྟེན་ཆེན་མོའི་དམིགས་བསལ་སྒོ་ཆེན་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ཕེབས་ལམ་གཡས་གཡོན་དུ་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་དད་ལྡན་དང་ཡུལ་སྐོར་བ་སོགས་སྟོང་ཕྲག་བརྒལ་བས་མཇལ་དར་དང་མེ་ཏོག་ཐོགས་ནས་ཕེབས་བསུ་ཞུས་པ་དང་། མཆོད་རྟེན་ཆེན་མོའི་དམིགས་བསལ་སྒོ་ཆེན་དུ་མཆོད་རྟེན་འབྲེལ་ཡོད་འགན་འཛིན་ཁག་གིས་ཕེབས་བསུའི་མཇལ་དར་སྒྲོན་འབུལ་དང་བཅས་རྟེན་གཙོ་སྟོན་པའི་སྐུ་བརྙན་རིན་པོ་ཆེའི་མདུན་དུ་༸ཞབས་སོར་འཁོད་དེ། ཐོག་མར་སྣང་གསལ་མཆོད་མེ་ཞལ་འབྱེད་གནང་རྗེས་རྒྱ་གར་གྱི་དགེ་སློང་སེར་པོ་ཚོས་རང་སྐད་ཐོག་ཞལ་འདོན་གསུང་འདོན་གནང་བ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་སྐུ་འཁོར་ལྷན་རྒྱས་ནས་རྒྱན་ཆགས་གསུམ་པ་དང་། ཡན་ལག་བདུན་པ། ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས་མཛད་པའི་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་དང་ཟབ་གནད་སྟོན་པའི་གསུང་གྲགས་ཅན་རྟེན་འབྲེལ་བསྟོད་པ། གསོལ་འདེབས་བདེན་པའི་རྔ་སྒྲ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། རབ་གནས་བསྡུས་པ་དང་། དཀོན་མཆོག་རྗེས་དྲན་གྱི་མདོ་སོགས་གསུང་འདོན་དང་། དེ་བཞིན་བོད་མི་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་བསགས་ཆེད་ཐུགས་སྨོན་སྐྱབས་འཇུག་གནང་། 

མཆོད་མཇལ་ལེགས་པར་གྲུབ་རྗེས་མཆོད་རྟེན་ཆེན་མོའི་མདུན་དུ་ཕྱི་ནང་གི་གསར་འགོད་པ་དག་གིས་བཀའ་འདྲི་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་འཇིག་རྟེན་ཞི་བདེའི་དགོངས་བཞེད་དང་འབྲེལ་ནས་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཐབས་དང་། ཆོས་ལུགས་མཐུན་འབྲེལ། དེ་བཞིན་འཛམ་གླིང་མི་མང་གི་དགོས་མཁོ་དང་འཚམ་པའི་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་གྱི་སྐོར་དང་། རྒྱ་གར་གྱི་གནའ་བོའི་ལེགས་བཤད་བསྐྱར་གསོ་བཅས་སྐུའི་ཁུར་འཁྱེར་གྱི་འགན་ཁུར་ཆེན་པོ་བཞི་ཡི་སྐོར་ནས་བཀའ་སྩལ་རྗེས་མཆོད་རྟེན་ལ་གཡས་སྐོར་དུ་ཕེབས་པ་དང་། དེ་གར་ཝེ་ཏི་ནམ་གྱི་དགེ་འདུན་པ་དང་བཙུན་མ། ནང་པའི་རྗེས་འཇུག་ཀྱི་མི་སྐྱ་ཕོ་མོ་བཅུ་ཕྲག་ཁ་ཤས་ཀྱིས་རང་ལུགས་ཆོས་གོས་གཙང་གསོལ་གྱིས་མགོན་པོ་གང་ཉིད་མཆོག་ཝེ་ཏི་ནམ་ལ་ཆིབས་བསྒྱུར་བསྐྱང་པར་གསོལ་འདེབས་ཞུས་པ་དང་། ༸གོང་ས་མཆོག་གིས་ནཱ་ལེནྡྲའི་ཆོས་བརྒྱུད་ལ་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བཀའ་དྲིན་སྩལ་རྗེས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།