བྱང་རྩེ་གྲྭ་ཚང་གི་གཞུང་ཆེན་རྩོད་རྒྱུགས་ལ་གཟིགས་ཞིབ་དང་བཀའ་སློབ་སྩལ་བ།

མདུན་ངོས། / བྱང་རྩེ་གྲྭ་ཚང་གི་གཞུང་ཆེན་རྩོད་རྒྱུགས་ལ་གཟིགས་ཞིབ་དང་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་དུ་གཞུང་ཆེན་རྩོད་རྒྱུགས་ལ་གཟིགས་ཞིབ་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་༩།༣༥སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཀྱང་གཟིགས་པ་ཆེན་པོ་མཆོག་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཟིམ་ཆུང་ཕོ་བྲང་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་དང་། གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་བཅས་ཀྱིས་སྤེོས་སྣེའི་མདུན་བསུས་ཏེ་བྱང་རྩེ་གྲྭ་ཚང་གི་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ནས་གཞུང་ཆེན་རྩོད་རྒྱུགས་ཀྱི་ལས་རིམ་ཚོགས་མགོན་དུ་༸ཞབས་སོར་འཁོད་པ་དང་། གྲྭ་ཚང་གི་སློབ་གཉེར་པ་རྣམས་པས་རིམ་བཞིན་པོ་ཏི་ལྔའི་རྩོད་རྒྱུགས་རྟགས་གསལ་སྤྱན་འབུལ་ཞུས་ཟིན་མཚམས་༸༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བླངས་དོར་བཀའ་སློབ་སྩལ་དོན། 

ད་ལམ་འདིར་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་གཉིས་ལ་བཅར་བ་རེད།། ང་ཚོ་ཚང་མ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ནའང་། རང་གཞན་ཚང་མས་ཡིད་སྨོན་སྐྱེ་བ་ཞིག་བསྡད་ཡོད་རེད། སངས་རྒྱས་ཀྱི་བསྟན་པ་ལ་བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་སྨོན་ལམ་བརྒྱབ་པ་གཙུག་ལག་ཁང་བཞེངས་པ་དང་སྐུ་གསུང་ཐུགས་རྟེན་ཕྱུག་པོ་ཡོད་པ་གཅིག་པུའི་བསྟན་པ་གནས་པའི་སྐད་ཆ་མ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་རིགས་པའི་ལམ་ནས་གཏན་ལ་ཕབ་པ། ཁ་སང་དེ་རིང་གི་དུས་ཚོད་ལ་རྣམ་དཔྱོད་ལྡན་པའི་མི་སུ་ལའང་སངས་རྒྱས་པའི་ལྟ་གྲུབ་ཀྱི་གཞིའི་གནས་ཚུལ་ནང་དུ་སེམས་ཁམས་རིག་པ་ཡོང་གི་ཡོད་རེད། དེ་དག་གཏན་ལ་ཕབ་དུས་ཚད་མ་རིག་པས་གཏནན་ལ་ཕབ་ཀྱིན་ཡོད་རེད། 

དེར་བརྟེན། སངས་རྒྱས་ཀྱི་ཆོས་དེ་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག དེའི་ནང་ཚུན་ནས་ལེགས་སྦྱར་གྱི་ཆོས་བརྒྱུད། མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་རིགས་པའི་ལམ་ནས་གཞིའི་གནས་ཚུལ་གཏན་ལ་ཕབ། གཞི་བདེན་གཉིས་སོགས་གཏན་ལ་ཕབ་པ། དེ་ནས་ཉོན་མོངས་ངོས་འཛིན་པ་དང་ཉོན་མོངས་ཀྱི་གཉེན་པོ་ངོས་བཟུང་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་དུས་བདེན་བཞི་ཞེས་གསུངས་པ་དེ། ང་ཚོས་རིགས་པའི་ལམ་ནས་མིག་མཐོང་ལག་ཟིན་གྱིས་ཕལ་ཆེར་མཛུབ་མོ་འཛུགས་རྒྱུ་ཡོད་པ་ཞིག་ཡོང་བསྡད་ཀྱིན་འདུག དེ་འཛམ་གླིང་ལ་ནང་པའི་ལུང་པ་མང་པོ་ཡོད་ཀྱང་དེ་འདྲའི་ཞིབ་ཚགས་པོས་བཤད་རྒྱུ་ཡོད་པ་དེ་ཕལ་ཆེར་ང་ཚོ་བོད་པ་གཅིག་བུ་རེད། དེར་བརྟེན། དེ་འདྲའི་བསྟན་པ་དེ་ཡུན་རིང་གནས་པ་བསླབ་པ་སློབ་གཉེར་བྱས། སློབ་གཉེར་བྱས་པ་དེ་ཚིག་སྐམ་པོ་རྐྱང་མིན་པར་སོ་སོའི་རྒྱུད་ཐོག་ལ་སྦྱར་ནས་དཔྱད་པ་བྱེད་རྒྱུ་ཞིག་བྱུང་ན། སྟོན་པའི་དམ་ཆོས་རྣམ་གཉིས་དེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་དང་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་པ་ཚང་ཡོང་གི་ཡོད་རེད། དེར་བརྟེན། ང་ཚོ་གདན་ས་ཁག་བཙན་བྱོལ་བ་བྱས་ནས་བསྡད་ཡོད་ནའང་། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་ནས་ངེས་པ་ཐོབ་པ་ཞིག་ཁྱེད་རང་ཚོས་གནང་བསྡད་ཡོད་རེད། ཧ་ཅང་ཡག་པོ་བྱུང་འདུག བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པ་ཁ་ཡོད་ལག་ཡོད་ལ་དེའི་སྟེང་ནས་ཡོང་གི་ཡོད་རེད། ཁྱེད་རང་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། 

ང་སང་ཉིན་འདི་ནས་རྡོ་རྗེ་གདན་ལ་འགྲོ་གི་ཡིན། རྡོ་རྗེ་གདན་དུ་སྨོན་ལམ་འཚོགས་རྒྱུ་རེད། ཁྱེད་ཚོ་མང་པོ་ཞིག་ཕལ་ཆེར་རྡོ་རྗེ་གདན་ལ་ཕེབས་ཀྱི་ཡོད་རྒྱུ་རེད། ཁ་སང་སྨོན་ལམ་རྡོ་རྗེ་གདན་དུ་འཚོགས་པ་དང་རྡ་རམ་ས་ལར་འཚོགས་པ་གཉིས་ལས་རྡོ་རྗེ་གནད་དུ་འཚོགས་ན་སྐུ་འགྱེད་མང་པོ་ཡོད་རྒྱུ་རེད་ཅེས་སྐད་ཆ་བྱུང་། ཞེས་བཞད་མོ་བཞད་པ་དང་། མུ་མཐུད་དུ་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་མང་ཆེ་བ་རྡོ་རྗེ་གདན་ལ་ཡོང་རྒྱུ་རེད་སྙམ། ང་ཚོ་དེར་ཐུག་གི་རེད། གང་ལྟར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་རྒྱུད་ཐོག་ལ་བསླབ་པ་གསུམ་གྱི་ཉམས་ལེན་ཡོད་པ། གཞི་ཚུལ་ཁྲིམས་ཀྱི་བསླབ་པ་རྨང་གཞི་བྱས། དེ་ནས་ཏིང་ངེ་འཛིན་གྱི་བསླབ་པ་ཕྱི་ནང་ཐུན་མོང་བ་རེད་དེ། དེ་མེད་ན་སྦྱོར་ལམ་ཡན་ཆད་འགྲོ་ས་ཡོད་མ་རེད། ཞི་གནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ནས་ཤེས་རབ་ཀྱི་བསླབ་པ། ལྷག་པར་མངོན་པ་གོང་འོག་ཅེས་གསུངས་པའི་ཤེར་ཕྱིན་གྱི་གཞུང་དེ་དག་ཧ་ལས་པའི་རྩ་ཆེན་པོ་རེད་འདུག དེ་དག་ལ་སློབ་སྦྱོང་ད་ལྟ་བཞིན་བྱས་ནས་བསྟན་པ་འཛིན་ཞེས་པ་དེ་ཤེས་ཡོན་དང་ཉམས་མྱོང་གི་ཐོག་ནས་བསྟན་པ་འཛིན་དགོས་པ་རེད་མ་གཏོགས། བསྟན་པ་འཛིན་ཞེས་པ་ཕྱི་ལོགས་སུ་ཡོད་པ་ཞིག་མ་རེད། དེར་བརྟེན། ཁྱེད་རང་ཚང་མས་ད་ལྟའི་བར་ཏུ་ཧུར་ཐག་གནང་འདུག ད་དུང་ཡང་ཧུར་ཐག་གནང་ཤོག 
 
ད་ཅི་ཁྱེད་རང་ཚོ་ལ་ཐུག་པའི་སྐབས། བྱང་རྩེ་གྲྭ་ཚང་ལ་བོད་ནང་འབྲེལ་བ་ཡོད་པ་གང་འདྲ་ཡོད་རེད་ཅེས་སྐད་ཆ་བྱུང་། ཁྱེད་ཚོ་སློབ་གཉེར་ཐོན་ཚར་བའི་གྲས་ལས་བོད་ནང་ཡོད་པའི་སོ་སོའི་གཞི་དགོན་ནང་གཞུང་ཆེན་ཁྲིད་པའི་ཐོགས་ཤུགས་རྒྱག་ཐུབ་ན། དེ་དང་ཆབས་ཅིག་ཧི་མ་ལ་ཡའི་རི་བརྒྱུད། ནུབ་ལ་དྭགས་ནས་ཤར་མོན་བར་ཏུ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཆགས་ཡོད་རེད། ཁོ་ཚོ་རང་དབང་ལུང་པའི་ནང་ཡོད་རེད། ཆོས་དད་ཧ་ཅང་ཆེན་པོ་རེད། ཡིན་ནའང་། ཆོས་སློབ་སྦྱོང་བྱེད་པའི་མིག་ལྟོས་དེ་སྔ་མེད་པའི་ཟོལ་འདུག བར་སྐབས་ནས་སློབ་སྦྱོང་བྱེད་པར་མིག་ལྟོས་ཏོག་ཙམ་བཟང་དུ་ཕྱིན་འདུག དེར་བརྟེན། ཧི་མ་ལའི་རི་བརྒྱུད་ཀྱི་སོ་སོའི་འབྲེལ་ཡོད་ཀྱི་དགོན་པ་ཁག་ནང་བསྡུས་གྲྭ་ནས་བཟུང་བློ་རྟགས། དེ་ནས་ཕར་ཕྱིན་སོགས་སློབ་ཁྲིད་ག་ཚོད་ཐུབ་ཐུབ་ཅིག་བྱེད་ཐུབ་ན། དགེ་འདུན་པ་རྐྱང་རྐྱང་མ་རེད། བཙུན་མའི་དགོན་པ་ཚོ་ལའང་དེ་དེ་བཞིན་དུ་བྱེད་ཐུབ་ན། བཙུན་མའི་དགེ་བཤེས་མ་ཐོན་ཡོང་གི་ཡོད་རེད། དེ་བཞིན་མི་སྐྱ་ཕོ་མོ་ཚོའི་ནང་དུའང་ནང་ཆོས་ངོ་སྤྲོད་བྱས་ནས་ནང་ཆོས་ཞེས་པ་སྨོན་ལམ་འདོན་པ་དང་ཕྱག་མཆོད་འབུལ་བྱེད་པ་ཙམ་མིན་པར་ནང་ཆོས་ཟེར་དུས་སློབ་སྦྱོང་བྱས་ནས་བཤད་ཡོང་དུས་དེང་དུས་ཚན་རིག་དང་མཐུན་པར་བཤད་རྒྱུ་ཡོད་པ་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་བུ་མ་གཏོགས་གཞན་དག་ལ་ཡོད་པ་མ་རེད། དེར་བརྟེན། ཕྱི་ནང་གཉིས་དང་ཆོས་མེད་མཁན་ཚོ་ཡིན་ནའང་ངོམ་ཆོག་པ་ཞིག་རེད། དེ་འདྲ་དེ་ང་རང་ཚོས་གཅེས་འཛིན་དང་དམ་འདུན་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བྱུང་ན་ཧི་མ་ལའི་རི་བརྒྱུད་ཀྱི་མི་དག་རྩ་བའི་ཆོས་དད་ཡོད་པའི་སྟེང་ལ་ནང་ཆོས་ཀྱི་གོ་རྟོགས་སླེབས། ཚན་རིག་དང་མཐུན་པ་ཞིག་བཤད་ན་ཧི་མ་ལའི་རི་བརྒྱུད་ལ་ནང་བ་སངས་རྒྱས་པའི་དད་པ་བརྟན་པོ་ཡོད་རེད། དེ་རྒྱུན་བསྲིངས་པའི་སྒོ་ནས་བརྟན་པོ་ཆགས་རྒྱུ་དེ་རེད། ད་ལྟ་དབང་རྟུལ་དད་པའི་རྗེས་འབྲངས་རེད། དེ་དག་ལ་སློབ་སྦྱོང་སྤྲད་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ལ་འགྲོ་ཐུབ་པར་བསམ་བློ་གཏོང་དགོས་པ་ཞིག་རེད།

རྒྱ་ནག་གི་སྲིད་བྱུས་ག་ལེར་ག་ལེར་འགྱུར་བའི་རེ་བ་ཡོད་རེད། ཆོས་དད་བྱས་ན་འགྲིག་གི་མི་འདུག་ཅེས་ག་ཚོད་ལབ་ཀྱང་ཕན་པ་ཡོད་མ་རེད། དེར་བརྟེན། དངོས་ཡོད་གནས་ཚུལ་མཐུན་པའི་སྲིད་བྱུས་ཤིག་དགོས་ཀི་ཞེས་རྒྱ་ནག་ལ་བསམ་ཚུལ་ཡོང་བསྡད་ཀྱིན་པའི་སྲོལ་འདུག རྒྱ་ནག་ལ་ནང་པོ་ཕོན་ཆེན་པོ་ཧ་ལས་པ་ཡོད་རེད།་འཛམ་གླིང་ནང་གི་ནང་པའི་ཆོས་བྱེད་མཁན་གྱིས་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་རེད། དེར་བརྟེན། འདིར་སློབ་གཉེར་བྱས་པའི་འབྲས་བུ་ཧི་མ་ལའི་རི་བརྒྱུད་ནས་རིམ་པར་བོད་བརྒྱུད་ནང་པའི་ཆོས་ལ་དོ་སྣང་ཡོད་པ་ཚོར་ངོ་སྤྲོད་བྱས་ན། དབང་རྟུལ་དད་པའི་རྗེས་འབྲངས་ཀྱི་འགྲོ་སྟངས་བྱས་ན། མི་ཁ་ཤས་ལ་ཕན་ནའང་རྣམ་དཔྱོད་ཅན་ཚོར་ཁག་པོ་རེད། དེར་བརྟེན། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱི་འགྲོ་སྟངས་ལྟར་ནང་ཆོས་ངོ་སྤྲོད་བྱེད་ཐུབ་པ་བྱུང་ན་། ད་ལྟ་རྒྱ་ནག་ལ་ནང་པ་ས་ཡ་བཞི་བརྒྱ་མ་ཟིན་ཙམ་ཡོད་རེད། རིམ་པས་ང་ཚོས་དེ་དག་ལ་ཞབས་འདེགས་ཅུང་སྒྲུབ་ཐུབ་པའི་གོ་སྐབས་ཡོད་རེད།

ཁྱེད་རང་ཚོའི་ནང་རྒྱ་སྐད་ཤེས་མཁན་ཏོག་ཙམ་ཡོད་རྒྱུ་རེད། ཕ་ཡུལ་ནས་བསླབ་པ་ཡོད་རྒྱུ་རེད། རྒྱ་སྐད་ཀྱང་དོ་སྣང་ནཱ་ལེནྡྲབྱེད་དགོས་པ་ཞིག་རེད། ཐེ་ཝན་ལ་ཆོས་ཚོགས་འབྲེལ་བ་ཡོད་པ་དེ་འདྲ་ནས་དགེ་རྒན་ཚུར་སྐད་བཏང་། རང་མོས་དང་བསྟུན་ནས་རྒྱ་སྐད་ཟ་སྐད་འཐུང་སྐད་ཙམ་མིན་པར་ནང་ཆོས་ཀྱི་ཚིག་དེ་འདྲ་ལ་སློབ་སྦྱོང་བྱས་ནས་རིམ་པར་རྒྱ་ནག་ནང་གི་རྒྱ་རིགས་ནང་པ་ཚོ་ལ་ཏོག་ཙམ་ཕན་ཐོགས་བྱེད་ཐུབ་པ། ཐེ་ཝན་དང་འབྲེལ་བ་ཡོད་རེད། ཕར་སློབ་སྦྱོང་འགྲོ་ཐུབ་ནའང་ཡག་པོ་ཡོད་རེད། དགེ་རྒན་ཚུར་སྐད་བཏང་ནས་སློབ་སྦྱོང་བྱས་ནའང་ཡག་པོ་ཡོང་གི་རེད། གང་ལྟར་མ་འོངས་པར་སངས་རྒྱས་ཀྱི་བསྟན་པའི་འགྲོ་དོན་བྱེད་ས་དེ་ནུབ་ཕྱོགས་ལུང་པ་ལས་རྒྱ་ནག་ནང་ལ་ཏན་ཏན་ཡོད་རེད། ཕ་མེས་ནས་ནང་པ་ཆགས་ཡོད་རེད། ནུབ་ཕྱོགས་ནང་ལ་གསར་བ་ཆགས་ཡོད་རེད། ནུབ་ཕྱོགས་ཀྱི་མི་རྣམ་དཔྱོད་ཅན་ཚོ་ནང་པའི་ཆོས་ལ་དོ་སྣང་ཞིག་སླེབས་ཀྱི་ཡོད་རེད། དེ་གསར་བ་རེད། ཕ་མེས་ཆོས་མ་རེད། རྒྱ་ནག་དང་ཝེ་ཏི་ནམ། ཉི་ཧོང་། ཀོ་རི་ཡ་དེ་ཚོའི་གྲས་དེ་ནང་པའི་ཆོས་ཕ་མེས་ཀྱི་ཆོས་ལ་གྱུར་ཡོད་རེད། ཡང་སྒོས་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་པར་གྱུར་ཡོད་རེད། དེ་འདྲ་ཡིན་དུས་བོད་བརྒྱུད་ནང་བསྟན་སངས་རྒྱས་པའི་ཆོས་དེ་ནཱ་ལེནྡྲའི་ཆོས་བརྒྱུད་རེད།

རྒྱ་ནག་ལ་ཆགས་བཞག་ན། ཧྭོན་ཙང་ནཱ་ལེནྡྲར་ཕེབས་ནས་སློབ་སྦྱོང་གནང་བ་རེད། ཁ་ཤས་ཀྱིས་བཤད་ན་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ཀླུ་བྱང་དགུང་ལོ་བགྲེས་པའི་སྐབས་སུ་ཧྭོན་ཙང་ནཱ་ལེནྡྲར་ཕེབས་པ་རེད་ཟེར་མཁན་འདུག ང་ཚོ་བོད་ལ་མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བསྣམས་ཕེབས་པ་རེད། རྒྱ་ནག་ལ་ཆ་བཞག་ན་ཧྭོན་ཙང་གིས་ནཱ་ལེནྡྲའི་ཆོས་བརྒྱུད་སྤེལ་བ་ཞིག་རེད། དེ་འདྲ་ཡིན་དུས། རིམ་པས་རྒྱ་ཡུལ་མི་འབོར་མང་ཤོས་ཡོད་པའི་ལུང་པ་དེར་ནང་པའི་ཆོས་དང་དེ་བཞིན་དམིགས་བསལ་ནང་བའི་ཆོས་ལ་དད་པ་མེད་ནའང་ནང་པའི་ལྟ་གྲུབ་ལ་དོ་སྣང་སླེབས་པ་ཞིག་ཏན་ཏན་ཡོང་གི་རེད། དེར་བརྟེན། ཁྱེད་རང་ཚོ་ཉུང་ཤོས་ཀྱིས་དབྱིན་ཅི་བསླབ་པ་དེ་གལ་ཆེན་པོ་རེད། ང་ཚོས་ནུབ་ཕྱོགས་ཀྱི་ཚན་རིག་དང་འབྲེལ་བ་བྱེད་རྒྱ་གལ་ཆེན་པོར་གྱུར་རེད། དེ་ལྟ་བཤད་པའི་རྒྱ་སྐད་སློབ་པ་དེ་ཁྱོད་ཚོ་དཔེ་ཆ་ཡག་པོ་ཡོད་པ། སྤྱོད་ལམ་བཙུན་པོ་ཡོད་པ་སོ་སོའི་འདོད་མོས་དང་བསྟུན་རྒྱ་སྐད་ཏོག་ཙམ་སློབ་སྦྱོང་བྱེད་ཐུབ་ན་དེས་ཏན་ཏན་ཕན་ཐོགས་ཀི་རེད། འདིར་བསྟན་འཛིན་ནམ་མཁས་ཀོ་རི་ཡའི་སྐད་ཏོག་ཙམ་ཤེས་རྒྱུ་རེད། ཀོ་རི་ཡ་ལ་གང་ལ་གང་འཚམ་འགྲོ་དོན་བྱེད་ཐུབ་རྒྱུ་རེད། ཧ་ཅང་ཡག་པོ་རེད། 

ཉི་ཧོང་གི་མི་དག་ཀླད་པ་མཁྲེགས་པོ་རེད། ང་ཚོ་བོད་ཀྱི་ནང་པའི་ཆོས་ལ་དོ་སྣང་ཡོད་རེད་དེ། སློབ་སྦྱོང་བྱེད་མཁན་ཉུང་ཉུང་རེད། ཉི་ཧོང་གི་ནང་པ་ཚོས་སྒོམ་བརྒྱབ་ནས་དེ་ག་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀི་རེད་ཅེས་གནའ་སྔ་མོ་སློབ་དཔོན་ཀཱ་མ་ལ་ཤི་ལས་རྩོད་པ་རྩོད་སའི་མི་དག་གི་ལྟ་གྲུབ་བཞིན་ད་ལྟ་འདུག ང་ཉི་ཧོང་ལ་སླེབས་དུས་སློབ་སྦྱོང་བྱེད་དགོས་རེད་ཅེས་ལབ་ཀྱིན་ཡོད། ངོ་ཤེས་པ་མང་པོ་ཡོད་རེད། ཁ་སང་ངས་ལབ་པའི་ཉི་ཧོང་གི་མཁན་པོ་ཧ་ཅང་ཡག་པོ་ཡོད་རེད། ཁོང་གིས་ང་ལ་དངོས་སུ་ལབ་མྱོང་། ང་ཚོ་ཉི་ཧོང་གི་མི་ཚོས་མི་སྐྱེས་པའི་སྐབས་སུ་སྐྱེས་སྐར་གྱི་སྨོན་ལམ་ལ་ཤེས་རབ་སྙིང་པོ་འདོན་གི་རེད། མི་འདས་པའི་སྐབས་སུའང་ཤེས་རབ་སྙིང་པོ་འདོན་གི་རེད། གང་ལྟར་ཤེས་རབ་སྙིང་བོ་ཉི་ཧོང་བ་མང་ཆེ་བར་འདོན་ཡ་ཡོད་རེད། དོན་ཤེས་ཀི་ཡོད་མ་རེད། ཅེས་བཤད་མྱོང་། དད་པས་དོན་ཤེས་ཀི་མ་རེད། རྗེ་བཙུན་འཇམ་པའི་དབྱངས་ལ་དད་པ་བྱས་ནས་ཤེས་རབ་འཕེལ་ཡོང་གི་རེད་ཅེས་ལབ་ཡ་ཡོད་རེད་དེ། གཙོ་བོ་སློབ་སྦྱོང་བྱེད་དགོས་པ་རེད། ང་རང་ཚོའི་དགེ་རྒན་གཙོ་བོ་རྗེ་རིན་པོ་ཆེས་སློབ་སྦྱོང་གནང་ནས་མཁས་པར་གྱུར་པ་མ་གཏོགས་འཇམ་དབྱངས་སྒྲུབ་ནས་འཇམ་དཔལ་དབྱངས་ཞལ་གཟིགས་ནས་མཁས་པར་གྱུར་པ་མ་རེད། དེར་བརྟེན། ང་རང་ཚོའི་དགེ་རྒན་ཆ་བཞག་ནའང་ལོ་ནས་ལོ་བསྟུན་ནས་དེ་དུས་ཀྱི་དབུས་གཙང་གི་ཆོས་གྲྭ་ཁག་ཚང་མར་གྲྭ་སྐོར་ལ་ཕེབས་ནས་སློབ་སྦྱོང་བྱས་ནས་མཁས་པར་གྱུར་པ་རེད། ང་རང་ཚོའང་དེའི་རྗེས་འབྲངས་རེད། 

ཁྱེད་རང་ཚོའི་ནང་རྗེ་རིན་པོ་ཆེ་ལས་རྟོགས་པ་མཐོ་བ་ཡོད་ན་དཀོན་མཆོག་གོང་འབུལ་རེད། དེ་མེད་ན་རྗེ་རིན་པོ་ཆེས་ག་རེ་གནང་བ་བཞིན་སློབ་སློབ་ལ་ཤུགས་རྒྱག་དགོས་པ་རེད། ཤེས་སོང་ངམ། ཁྱེད་རང་ཚོ་མང་ཆེ་བ་ང་ཚོ་རྡོ་རྗེ་གདན་ལ་ཐུག་ཡོང། ད་ལྟའི་བར་ཏུ་ཁྱེད་རང་ཚོས་ཧུར་ཐག་གནང་འདུག ང་ཚོ་བཙན་བྱོལ་བར་སླེབས་ཡོད་རེད་དེ། གཙོ་བོ་གདན་ས་ཁག་གིས་སློབ་སྦྱོང་བྱས་ནས་གདན་ས་ཁག་གི་མཁན་པོ་ལས་ཟུར་བགྲེས་པ་དག་རྫོགས་ཀྱིན་འདུག ང་ལོ་བརྒྱད་ཅུ་གྱ་ལྔར་སླེབས་བསྡད་ཡོད་རེད། དེ་ཡིན་དུས་མི་ཚེ་སྟོད་ལ་ངོ་ཤེས་པའི་བགྲེས་པ་མང་པོ་ཞིག་དྲན་པའི་ཡུལ་མ་གཏོགས་མི་འདུག གཞོན་སྐྱེས་ཚོ་མུ་མཐུད་ནས་གཅིག་མཇུག་གཉིས་མཐུད་བྱས་ནས་ཡོང་གི་ཡོད་རེད། བསྟན་པ་རིང་དུ་གནས་པ་དེ་ལྟར་རེད། མི་རབས་གཅིག་གིས་ཧ་ལས་པའི་སྤུས་དག་པོ་བྱས་ནས་མི་རབས་རྗེས་མ་མེད་ན་བསྟན་པ་ཡུན་རིང་དུ་གནས་པ་ཡོད་མ་རེད། མི་རབས་ནས་མི་རབས་སངས་རྒྱས་ཀྱི་བསྟན་པ་བགྲེས་པ་ཚོས་ལམ་སྟོན་གནང་བར་གཞོན་སྐྱེས་ཚོས་གཞུག་མཐུད་ནས་ཡོང་གི་ཡོད་རེད། བསྟན་པ་འཛིན་སྟངས་དེ་ལྟར་རེད། ཁྱེད་རང་ཚང་མས་ད་ལྟའི་བར་ཏུ་ཧུར་ཐག་གནང་བ་རེད། ད་དུང་ཡང་ཧུར་ཐག་གནང་ཞོག་ཨ། དེ་ལྟར་ཡིན། ཁྱེད་རང་ཚོ་མང་ཆེ་བ་རྡོ་རྗེ་གདན་ལ་ཡོང་གི་རེད། དེ་མིན་ནའང་མ་འོངས་པར་ང་རང་ཚོ་ཐུག་ཡོང་གི་རེད། མཁྱེན་སོང་ངམ། དེ་ལྟར་ཡིན། བཀྲ་ཤིས་བདེ་ལེགས། ཞེས་སོགས་ཀྱི་བཀའ་སློབ་ཟབ་མོ་ལེགས་པར་སྩལ་གྲུབ་རྗེས་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་ལ་མཇལ་ཁ་གནང་བ་དང་། རྟགས་གསལ་རྩོད་རྒྱུགས་འབུལ་མཁན་གྱི་སློབ་གཉེར་བ་རྣམས་དང་ལྷན་སྐུ་པར་སྒྲོན་རྗེས་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།