རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་གདན་གསུམ་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།

མདུན་ངོས། / རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་གདན་གསུམ་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་པ།

༄༅།། ཕྱི་ལོ་༢༠༡༩ ཟླ་ ༡༢ ཚེས་ ༢༢ ཉིན་དགའ་ལྡན་དགོན་པའི་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ནང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས་དགོན་པ། དགའ་ལྡན་དགོན་པ་བཅས་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་༨།༣༠ཙམ་ལ་༸གོང་ས་ལྷ་མའི་རྣམ་འདྲེན་༸་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རྒྱལ་བའི་གཟིམ་ཆུང་ནས་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་བྱས་པའི་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་། གཞན་ཡང་མཁན་ལས་ཟུར་རྣམས་པས་སྤོས་སྣེ་མདུན་བསུའི་དང་བཅས་རྒྱལ་སྦྱིའི་དགེ་འདུན་ལྷན་ཚོགས་དང་། གདན་ས་ཆེན་པོ་དགའ་ལྡན། འབྲས་སྤུངས་བཅས་ནས་གོ་སྒྲིག་བྱས་པའི་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོའི་ཚོགས་མགོན་གྱི་བཞུགས་ཁྲི་སྟེང་༸ཞབས་སོར་འཁོད་པ་དང་འབྲེལ་་གསོལ་ཇ་དང་འབྲས་སིལ་འདེགས་འབུས་ཞུ། 

དེ་རྗེས་༸གོང་ས་ཆེན་པོ་མཆོག་གིས་ཁྲི་རིན་པོ་ཆེ་གཙོ་བྱས་བའི་ཤར་བྱང་གི་ཆོས་རྗེ་རྣམས་གཉིས། གཞན་མཁན་ལས་ཟུར་རྒྱལ་སྲལ་བླ་སྤྲུལ་རྣམ་པ། དགེ་འདུན་འདུས་མང་ཡོངས། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་མང་སྟོང་ཕྲག་འགལ་བ་ལ་བཀའ་སློབ་ཟབ་མོ་ལེགས་པར་སྩལ་དོན། 

ད་རེས་འདིར། དགའ་འབྲས་གཉིས་དང་། སེ་རའི་བླ་མ་དགེ་འདུན་པ་མང་པོ་ཞིག་ཕེབས་ཡོད་པ་རེད། གཙོ་ཆེ་བ་གདན་ས་གསུམ་གྱི་དགེ་འདུན་འདུས་པའི་ཐོག་ནས་བརྟན་བཞུགས་འབུལ་ཡ་རེད། ཁ་སང་ལྔ་མཆོད་ལ་ཞུས་པ་བཞིན། མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ།། དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།། ཞེས་གསུངས་པ་ལྟར། ཐམས་ཅད་མཁྱེན་པ་གོང་མ་རིམ་བྱོན་གྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་ཐུགས་ཁུར་ཆེར་བསྐྱེད་གནང་བ་རེད། ད་རེས་གདན་ས་གསུམ་དང་། ང་ཚོ་སྒྲིག་འཛུགས་ཀྱི་དབུ་གཙོ་རྣམ་པ་བཅས་འདིར་རྟེན་འབྲེལ་ཡག་པོ་ཞིག་ལ་མཐོང་སོང་། རྟེན་འབྲེལ་ལ་བརྩིས་ནས་ངས་བྱིན་རླབས་ཡོད་པའི་ཆོས་གོས་རྣམ་གསུམ་གོན་ནས་ཡོང་བ་ཡིན། མཁྱེན་སོང་ངམ།

གང་ལྟར་ཚེ་རིང་པོ་ཡོང་བ་ལ་ཚེ་སྒྲུབ་ཟེར་བ་དེ་ཚོ་གལ་ཆེན་པོ་རེད་དེ། གཙོ་བོ་ངས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་བསྡད་ཡོད། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་ནམ་མཁའ་མ་ཟད་ཀྱི་བར་ཏུ་དང་། བྱེ་བྲག་ཏུ་ཚེ་འདི་ག་ལ། ས་སོགས་འབྱུང་བ་ཆེན་པོ་དང༌།། ནམ་མཁའ་བཞིན་དུ་རྟག་པར་ཡང༌།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག། ཅེས་པ་དེར་ངས་རྟག་པར་སྨོན་ལམ་བརྒྱབ་བསྡད་ཡོད་པ་རེད། སེམས་ཤུགས་བསྐྱེད་ཀྱིན་ཡོད་པ་རེད། ད་ལྟ་ཁ་ཡོད་ལག་ཡོད་ལ་བོད་རིགས་གཙོ་བོར་གྱུར་བའི་འཛམ་བུའི་གླིང་འདིའི་སྒང་འདིར་ང་ལ་དགའ་བོ་བྱས་ནས་ང་ལ་ཡིད་ཆེས་བློས་འགེལ་བྱེད་མཁན་མང་པོ་ཞེ་དྲག་ཡོད་པ་རེད། དེར་བརྟེན། ས་སོགས་འབྱུང་བ་ཆེན་པོ་དང༌།། ནམ་མཁའ་བཞིན་དུ་རྟག་པར་ཡང༌།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚེ་ཞི་བར་ཤོག །ཅེས་སྨོན་ལམ་བརྒྱབ་པ་བཞིན། དངོས་ཡོད་གནས་ཚུལ་ལའང་དེ་འདྲ་ཞིག་ཡོང་གི་ཡོད་དུས། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་ས་དེ་ལ་ཚེ་ཅི་ཙམ་རིང་བ་བྱུང་ན་དེས་ཕན་གི་རེད། ཤེས་སོང་ངམ།

དེ་འདྲ་ཡིན་དུས། ཚེ་འདིའི་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་དེ་མིན་པར་བསྐལ་བ་ནས་བསྐལ་བ་ཞེས་ལབ་བསྡད་ན་ཆོ་མི་འདུག་པས། ཁ་ཡོད་ལག་ཡོད་ལ་འཛམ་བུའི་གླིང་འདིར་མིའི་སེམས་ལ་སྤྲོ་སྣང་སླེབས་པ་དང་སེམས་བྱམས་བརྩེ་ཡོང་བར་ངས་ཞབས་འདེགས་གང་འཚམ་སྒྲུབ་ཐུབ་ཀི་ཡོད་པ་རེད། དེ་འདྲ་ཡིན་དུས་ཅི་ཙམ་རིང་དུ་འཚོ་བ་དེ་ཙམ་གྱིས་ཚེ་དོན་ལྡན་ཡོང་བ་ཞིག་དང་། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་རང་དོན་སྒྲུབ་པའང་དེའི་སྟེང་ནས་ཡོང་གི་རེད། གཞན་དོན་སྒྲུབ་པའང་དེའི་སྟེང་བས་ཡོང་གི་རེད། དེར་བརྟེན། ངས་རྟག་པར་བྱང་ཆུབ་ཀྱི་སེམས་ལ་སྨོན་ལམ་བརྒྱབ་བསྡད་ཡོད། ཚེ་སྒྲུབ་མཆོག་ཏུ་གྱུར་པ་དེ་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་རེད།

རང་དོན་ཡིད་བྱེད་ཀྱི་བསམ་བློ་བཏང་ནས་ཚེ་གཟུངས་ཧ་ལས་པ་ཞིག་བསགས་བསྡད་ནའང་ཞེ་དྲག་ངོ་མཚར་སྐྱེ་ཡ་མི་འདུག འཛམ་བུ་གླིང་འདིར་ཡོད་པའི་སྨྲ་ཤེས་དོན་གོ་བའི་མི་ཚང་མར་ངས་ཕན་ཐོགས་བྱེད་པའི་སེམས་ཤུགས་བསྐྱེད་ནས་མཐར་ཐུག་རྣམ་མཁྱེན་ས་ལ་འགོད་འདོད་དང་། འཕྲལ་དུ་སེམས་ལ་ཞི་བདེ་ཡོང་བའི་ཁ་ཡོད་ལག་ཡོད་ཀྱི་གཞན་ཕན་སྒྲུབ་པའི་སེམས་ཤུགས་སྐྱེ་གི་ཡོད་རེད་ལ། སྐྱེས་པ་བཞིན་གང་ལ་གང་འཚམ་ཕན་ཐོགས་པའང་མཐོང་ཆོས་ལ་ཡོད་པ་དེ་རེད། དེ་འདྲ་ཡིན་དུས་ངས་སེམས་ཤུགས་བསྐྱེད་བསྡད་ཡོད།

ད་རེ་འདིར། དད་དམ་གཙང་མའི་དགེ་འདུན་འདུས་པ་རྒྱ་མཚོ་དང་། དེ་བཞིན་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྱེད་རང་དབུ་ཁྲིད་རྣམ་པ་ཚོ་དང་། དད་ལྡན་སྦྱིན་བདག་ཁག་རྒྱ་རིགས་གཙོ་བོར་གྱུར་པའི་ཁྱེད་རང་ཚོ་མང་པོ་ཞིག་འདིར་སླེབས་བསྡད་ཡོད་པ་རེད། ངས་ཀྱང་སེམས་བསྐྱེད་ཀྱི་བསམ་བློ་བཏང་བ་བཞིན་ཚེ་རིང་དུ་གནས་པའི་འཕེན་པ་གཏོང་།

སྔོན་མ་ངའི་རྨི་ལམ་ལ། སྐས་འཛེག་ཅིག་ཡར་འཛེགས་ནས་སྐས་གདང་བཅུ་གསུམ་ཡོད་པ་ཞིག་རྨིས། བརྒྱ་དང་བཅུ་གསུམ་ཞེས་པའི་གོ་བ་ཞིག་དེས་མཚོན་གྱིན་ཡོད་པ་རེད། ཁ་ཤས་ལ་དེ་ལྟར་སྐད་ཆའང་བྱུང་། གང་ལྟར། དགེ་འདུན་གྲུབ་པ་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་དཔལ་ལྡན་ལྷ་མོ་རེད། དཔལ་ལྡན་ལྷ་མོས་ལོ་བརྒྱ་དང་བཅུ་བསྡད་པར་ཐེ་ཚོམ་མེད་ཅེས་གསུངས་པ་ཞིག  ང་ལ་གསལ་བོ་དག་པོའི་རྨི་ལམ་བྱུང་། དེར་བརྟེན། ལོ་བརྒྱ་དང་བཅུ། བཅུ་གསུམ། གཅིག་བྱས་ན་ནི་དེ་ལས་རིང་ཞིག  འཁྲུལ་ཞིག་རིན་པོ་ཆེས་ང་ལ་ཐང་སྟོང་རྒྱལ་བོའི་སྐུ་ཚེ་བཞིན་བཞུགས་དགོས་པ་རེད་ཅེས་རྟག་པར་གསུང་གི་རེད། ཐང་སྟོང་རྒྱལ་བོ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་བཞུགས་འདུག

དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྨན་བཅོས་ཀྱི་མཐུན་རྐྱེན་རེད། འཕྲོད་བསྟེན་རེད། མང་པོ་ཞིག་གི་ཐོག་ནས་ཚེ་རིང་དུ་གནས་པའི་ཆ་རྐྱེན་མང་པོ་ཞིག་འདུག ང་རང་ངོས་ནས་ཕན་པ་དེའང་སྤྱིར་ཅི་སྲིད་ནམ་མཁའ་མ་ཟད་ཀྱི་བར། སྒོས་སུ་ད་ལྟ་ཁ་ཡོད་ལག་ཡོད་དུ་ངས་མི་ལ་ཕན་ཐོགས་གང་འཚམ་བྱེད་ཐུབ་དུས་ཙ་ནས་ལོ་བརྒྱ་དང་བཅུ། བཅོ་ལྔ་དེ་འདྲར་བསྡད་ཐུབ་པའི་སྨོན་ལམ་བརྒྱབ་བསྡད་ཀྱིན་ཡོད་ལ། ཁྱེད་རང་ཚོས་ཀྱང་སྨོན་ལམ་རྒྱོབས། ད་བྱས་ན། བརྟན་བཞུགས་མ་ཕུལ་སྔོན་ནས་ངས་ཚེ་རིང་པོ་བསྡད་པར་ཁས་བླངས་ཚར་བ་རེད། ད་བརྟན་བཞུགས་ཕུལ་དགོས་པ་འདུག་གམ།  ཞེས་བཞད་མོ་གནང་།

ད་རེ་འདིར་གནས་ཆུང་ཆོས་རྒྱལ་སྐུ་ཕེབས་ཡ་ཅིག་ཡོད་པ་རེད།  དེར་བརྟེན། བོད་གངས་ཅན་གྱི་ལྗོངས་ཀྱི་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ནས་བཟུང་བོད་ཀྱི་བསྟན་སྲིད་དེ་འགྲོ་བ་མིས་ཤུགས་རྒྱག་གི་ཡོད་པ་རེད། དེ་བཞིན་དཀར་ཕྱོགས་སྐྱོང་བའི་དྲེགས་པ་གནོད་སྦྱིན་དེ་དག་གིས་ཁུར་མཉམ་ལེན་བྱེད་པར་གནས་ཆུང་ཆོས་རྒྱལ་ཆེན་པོ་རྡོ་རྗེ་དྲེགས་ལྡན་གཙོ་བོར་གྱུར་པའི་ཁ་ཤས་རྒྱ་གར་ནས་ཚུར་ཕེབས་པ་རེད། གཉན་ཆེན་ཐང་ལྷ་ལ་སོགས་པ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་རེད། དེ་དག་ཚང་མས་རེ་བ་ང་ལ་བཅོལ་བསྡད་ཀྱིན་འདུག ཁོང་ཚོ་ང་ཚོས་ནམ་རྒྱུན་བཤད་པ་ལྟར་གཟུགས་མེད་རེད། གཟུགས་མེད་ནུས་པ་ཧ་ལས་པ་ཡོད་རེད་ལབ་ཀྱིན་ཡོད་རེད་དེ། གཟུགས་མེད་ལ་ཧ་ལས་པ་བྱེད་ཡ་མི་འདུག  གཟུགས་མེེད་པས་མི་ལ་རྣམ་རྟོག་སློང་བ་ལས་ཧ་ལས་པ་ཞིག་བྱེད་རྒྱུ་མི་འདུག ང་གཟུགས་ཅན་རེད། བྱས་ཙང་། སྐད་ཆ་བཤད་ཡ་ཡོད་པ་རེད། གཟུགས་མེད་བརྒྱ་ལས་གཟུགས་ཅན་གཅིག་དེས་མི་ལ་ཕན་ཐོགས་ཆེ་བ་འདུག  མ་རེད་དམ། གང་ལྟར་གངས་ལྗོངས་ལྷ་མི་ཡོངས་རྫོགས་ང་ལ་བློ་གཏད་བསྡད་ཡོད་པ་རེད། དེར་བརྟེན། ཆོས་སྐྱོང་ཡང་སྐུ་ཕེབས་ཀི་རེད། ད་རེ་འདིར་གནས་དང་། དུས་དང་། དད་པ་དང་དམ་ཚིག་གཡོ་བ་མེད་པའི་དགེ་འདུན་རྣམ་པ་ཚོ་འདིར་འཛོམས་ཡོད་པ་རེད། ཁྱེད་རང་ཚོ་ཚང་མ་ཐུགས་བློ་བདེ་བོ་བྱས་ནས་བཞུགས་ཨ། ཞེས་བཀའ་སྩལ།

དེ་ནས་ཆུ་ཚོད་༩།༥༤སྟེང་དགའ་ལྡན་ཁྲི་རིན་པོ་ཆེ་ནས་བརྟན་བཞུགས་ཀྱི་མཎྚལ་བཤད་པ་རྣམ་གསུང་གནང་གྲུབ་མཛད་པ་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས།  གདན་ས་གསུམ་གྱི་མཁན་ལས་ཟུར། འབྲས་སྤུངས་ཁྲི་བ་རིན་པོ་ཆེ། རྭ་བ་སྟོད་པ་དང་བཀྲ་ཤིས་ལྷུན་པོའི་མཁན་ལས་ཟུར། སྔགས་པ་གྲྭ་ཚང་གི་མཁན་ལས་ཟུར། གཞན་ཡང་། རྒྱལ་སྲས་བླ་སྤྲུལ་གནད་ཡོད་མི་སྣ་རྣམས་ཀྱིས་རིམ་བཞིན་༸གོང་ས་མཆོག་འཇལ་ཁ་དང་འཇལ་དར་འདེགས་འབུལ་ཞུས། དེ་ཡི་རྗེས་ཆུ་ཚོད་ ༡༠།༣༥ སྟེང་བཀྲ་ཤིས་པའི་ཤིས་ཚིག་གི་གདངས་དབྱངས་དང་བཅས་བརྟན་བཞུགས་མཛད་སྒོ་འཇུག་ལེགས་པར་གྲུབ་མཚམས་༧གོང་ས་མཆོག་དབུ་བཞུགས་སྟེང་ཁྲི་རིན་པོ་ཆེ་དང་ཤར་བྱང་གི་ཆོས་རྗེ་རྣམས་པ་བཅས་ནས་དགེ་བཤེས་ལྷ་རམས་པའི་ལག་འཁྱེར་སྩལ་སྣང་མཛད་པ་དང་མཉམ་ལྷ་རམས་པ་རྣམས་༸གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་རྗེས་མགོན་པོ་གང་ཉིད་མཆོག་རྒྱལ་བའི་གཟིམ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད།