རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།

མདུན་ངོས། / རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་༢༠༡༩ ཟླ་ ༡༢ ཚེས་ ༢༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། 


དེ་ཡང་ཆུ་ཚོད་༩།༠༠ཙམ་གྱི་མགོན་པོ་གང་ཉིད་མཆོག་དགའ་ལྡན་བླ་སྤྱི་རུ་ཆིབས་བསྒྱུར་གྱིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་བདུན་ལེགས་གྲུབ་བྱུང་བར་ལེགས་གསོལ་དང་། ལྟ་གྲུབ་ཀུན་བཏུས་པོད་གསུམ་དང་ཚན་རིག་ལྟ་གྲུབ་ཀུན་བཏུས་བསྡུས་པ་པོད་གཅིག་བཅས་དབུ་འབྱེད་མཛད་པ་དང་། དེ་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་གདན་ཟུར་རྣམ་པ་གཉིས་མཆོག་དང་། མཚུངས་མེད་ཤར་བྱང་ཆོས་རྗེ་རྣམ་གཉིས། ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་བླ་སྤྲུལ་རྣམ་པ། དགེ་འདུན་འདུས་པ་རྒྱ་མཚོས་དབུས་སེར་སྐྱ་མི་མང་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ལ་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་དྲན་རྗེས་དྲན་དང་སྟབས་བསྟུན་ཤར་གངས་རི་མ་དང་སྙིང་འདབ་བརྒྱད་ཀྱི་ཆོས་འབྲེལ་སྩལ་བ་མ་ཟད། འཇམ་མགོན་བླ་མའི་རྗེས་འཇུག་དགེ་ལྡན་པ་ཡོངས་ཀྱི་ཚབ་བྱས་ཏེ་རི་བོ་དགེ་ལྡན་པ་སྤྱི་ཐོག་ནས་མགོན་པོ་གང་ཉིད་ལ་རྒྱལ་བསྟན་སྤྱི་དང་ཁྱད་པར་འཇམ་མགོན་བླ་མའི་བསྟན་པར་མཛད་རྗེས་དང་བཀའ་དྲིན་འགྲན་ཟླ་མེད་པའི་ངོས་འཛིན་དུ་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་འབུལ་ལམ་ཞུས་རྗེས་བཀའ་སློབ་སྩལ་དོན།  

དེ་རིང་འདིར་དགའ་ལྡན་ཚོགས་ཆེན་ལ་ལྔ་མཆོད་འཚོགས་པ་རེད། གསུང་བཤད་གནང་མཁན་ཚང་མས་དངོས་གནས་དྲང་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོའི་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་མཛད་པ་བསྔགས་བརྗོད་གནང་བ་དེ་ལྟར་རེད། དེ་བཞིན་ཕྱོགས་མཐའི་ཡུལ་ཁག་འདྲ་མིན་འདྲ་ནས་དེ་སྔོན་སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་ཅི་ཞིག་ཡིན་ནའང་ད་ལྟའི་དུས་ཚོད་ལ་སྤྱིར་སངས་རྒྱས་ཀྱི་ཆོས། ཡང་སྒོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་རྨད་དུ་བྱུང་བ་གཏན་ལ་ཕབ་ནས་ཡོད་པའི་གཞུང་བཟང་དེ་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་འགྲོ་སྡད་ཡོད་པ་རེད། 

དེ་རིང་འདིར་ལ་དེའི་མཚོན་རྟགས་ལྟ་བུར་རྒྱལ་ཁབ་འདྲ་མིན་འདྲ་ནས་མི་སྣ་མང་པོ་ཕེབས་འདུག  ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ནམ་རྒྱུན་ལྔ་མཆོད་ལ་བཞི་མཆོད་ཉིན་མོ་དེ་ལ་རྒྱུད་སྨད་ཀྱི་བརྟན་བཞུགས་ཕུལ་བཞིན་པ་རེད། ལྔ་མཆོད་ཀྱི་ཉིན་མོ་དེ་དཔལ་ལྡན་སྟོད་རྒྱུད་པས་རྫོགས་སྐད་ཆེན་པོ་ཞིག་བརྒྱབ་ནས་མཎྜལ་ལ་ཧ་ཅང་རྒྱས་པ་རེད། བརྟན་བཞུགས་དེ་འདོན་པ་རེད། དེ་ཚར་ནས་རྒྱལ་བ་སྐུ་ཕྲེང་ཁ་ཤས་ཀྱི་གདོང་རྟེན་མཆོད་རྟེན་ཡོད་པ་རེད། འཇམ་དཔལ་རྒྱ་མཚོ་དང་༧གོང་ས་ལྔ་པ་ཆེན་པོ་དང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོགས་ཀྱི་གདུང་རྟེན་ཁག་ལ་མཆོད་མཇལ་དང་ཁྲུས་གསོལ་རབ་གནས་བྱེད། དེ་ནས་ཡར་ལོ་ཀེ་ཤོ་རྭའི་སྐུ་མདུན་དུ་དམིགས་གསལ་གྱིས་༧གོང་ས་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པས་མཛད་པའི་ཤར་གངས་རི་མ་འདོན་པ་དང་། རྒྱལ་དབང་སྐུ་འཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་གསུང་སྐོར་སྙིང་འདབ་བརྒྱད་ཟེར་བ་དེ་འདོན་གྱི་ཡོད་པ་རེད། 

གསུང་དེ་གྲྭ་ཚང་གིས་གདངས་བཏང་ནས་བློ་ལ་ཕན་པོ་ཅིག་དང་བློ་ལ་བབ་པོ་ཅིག་ཡོང་གི་ཡོད། དེ་རིང་འདིར་སྔར་ཀྱི་ལྔ་མཆོད་ཉིན་མོ་འཕགས་པ་ལོ་ཀྭེ་ཤྭོ་རེའི་སྐུ་མདུན་ནས་དེ་འདོན་པ་ནི་དེ་ལྟར་ལུགས་སྲོལ་འདུག  ངས་དེ་དེ་ག་རང་ཀློག་ཉན་འདོན་བྱུང་། དང་པོ་དེ་དགེ་འདུན་གྲུབ་པས་རྗེ་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་མང་པོ་གསན། དེ་ནས་རྗེ་རིན་པོ་ཆེ་ཡིས་ལུང་བསྟན་གནང་བ་བཞིན་གཙང་ཕྱོགས་ལ་ཕེབས། བཀྲ་ཤིས་ལྷུན་པོ་ཕྱག་བཏབ་པ་དང་། ཁོང་རི་བོ་གངས་ཅན་ཞེས་རི་ཁྲོད་ཅིག་ཡོད། ང་དེ་ལ་ཕྱིན་མྱོང་། དེ་ནས་གསུངས་པ་ཞིག་རེད།

ཤར་གངས་རི་མ་དང་སྙིང་འདབ་བརྒྱད་གལ་ཆེན་པོ་རེད། རྗེ་ན་མོ་གུ་རུ། ཤར་གངས་རི་དཀར་པོའི་རྩེ་མོ་ན།། རིན་པོ་ཆེ་གཙང་གི་རི་ཁྲོད་ན་བཞུགས་པའི་སྐབས་ལ་ཤར་ངོས་ནས་སྤྲིན་པ་དཀར་པོ་ལོང་ལོང་འཁྲིགས་པ་ཞིག་གཟིགས་ནས་དེ་གསུངས་པ་རེད། སྤྲིན་དཀར་པོ་གནམ་ལ་སྙེག་འདྲ་བ།། དེ་མཐོང་བའི་མོད་ལ་བླ་མ་དྲན།། དྲིན་བསམ་ཤིང་བསམ་ཤིང་དད་པ་སྐྱེས།། སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན།། འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར།། མཚན་བརྗོད་པར་དཀའ་བ་དྲིན་པོ་ཆེ།། ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས།། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས།། ཞེས་པས་ནས། དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།། ཞེས་དགེ་འདུག་གྲུབ་པས་ཐུགས་སྨོན་གནང་བ་ནང་བཞིན་དང་། དེ་བཞིན་ལེགས་བྲིས་མའི་འཇུག་དེར། བདག་ཀྱང་རྟག་ཏུ་ཚེ་རབས་དྲན་པ་དང་།། བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་།།་རྒྱལ་སྲས་སྤྱོད་པ་རླབས་ཆེན་ཚོལ་བ་ལ།། བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་པར་ཤོག།  རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང་།། གཞན་དོན་འབའ་ཞིག་སྒྲུབ་པ་གཞོལ་བ་དང་།། སྤྱན་དང་མངོན་ཤེས་སྨྲ་མཁས་བཟོད་པ་སོགས།། གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག། ཅེས་ད་ཐུགས་སྨོན་གནང་བ་དེ་རེད། 

དགེ་འདུན་གྲུབ་པའི་རྣམ་ཐར་ནང་ལ་དགེ་འདུན་གྲུབ་པ་དགུང་ལོ་བརྒྱད་ངའི་ལོ་ཚོད་དང་འདྲ་བ་རེད། དགུང་ལོ་བརྒྱད་ཅུ་ཀྱ་ལྔ་སླེབས་པའི་སྐབས་ལ་ད་རྒན་པོ་ཆགས་སོང་ཞེས་གསུང་གི་ཡོད་བ་རེད། བཎ་ཆེན་ཡེ་ཤེས་རྩེ་མོ་དང་ཁོ་རང་ཚོས་རྗེ་བླ་མ་དགེ་འདུན་གྲུབ་ཁོང་རང་ད་དག་ཞིང་ལ་ཕེབས་རྒྱུའི་མཚན་མ་དེ་འདྲ་མང་པོ་བྱུང་མྱོང་བ་ཡོད་བ་རེད་བ།  ཞེས་ཞུ་དུས་ང་དག་ཞིང་སྐྱེས་བསམ་པ་མེད།  མུ་འཐུད་ནས་གང་དུ་སེམས་ཅན་སྡུག་བསྔལ་གྱིས་མནར་ཡོད་སྡད་པ་དེ་འདྲ་ཞིག་ལ་གཞན་ཕན་སྒྲུབ་ས་དེ་འདྲ་ཞིག་ལ་སྐྱེས་བསམ་པ་མ་གཏོགས་ང་དག་ཞིང་ལ་སྐྱེས་བསམ་པ་མེད། ཞེས་གསུང་འདུག་གཱ   ང་དེ་ལ་ཞེ་བོ་སེམས་འགུལ་ཐེབས་བྱུང་།  དགེ་འདུན་གྲུབ་པ་ཁོ་རང་གིས་མདུན་པ་དེ་འདྲ་ཞིག་སྐྱེས་ཤོག་ཟེར་ཀི་ཡོད་བ་རེད་ལ། དེ་ནས། དྲིན་་ཇི་བཞིན་འཁུར་བར་མི་ནུས་ཀྱང་།། སེམས་ཆགས་སྡང་དབང་དུ་མ་སོང་བར།།མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ།། ཞེས་བགྱིད་བར་སྨོན།། ཞེས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ནས་བཟུང་སྦྱི་སངས་རྒྱས་ཀྱི་བསྟན་པ་རིས་མེད་ཀྱི་སངས་རྒྱས་བསྟན་པའི་ཞབས་འདེགས་སྒྲུབ་ཡོད་པ་རེད།། དཔེར་ན། རྒྱལ་བ་དགེ་འདུན་རྒྱ་མཚོར་ཆ་བཞག་ན་དགེ་འདུན་རྒྱ་ཚོའི་རྣམ་ཐར་ཡངས་པ་ཆོས་རྗེ་ཟེར་བ་དེས་མཛད་པ་ཞིག་འདུག དེའི་ནང་ལ་དགེ་འདུན་རྒྱ་མཚོའི་མཚན་ལ་རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ། ཞེས་བསྟན་པ་རིས་མེད་ལ་དད་པ་དག་སྣང་གནང་མཁན་དང་། སྒེར་ཀྱི་ཆོས་དེ་དགེ་ལུགས་པའི་ཆོས་བྱས། ཞྭ་སེར་མོ་ཞེས་རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ་ཞེས་པ་དེ་འདྲ་འདུག དེར་བརྟེན། སོ་སོའི་དམིགས་གསལ་ཀྱི་ཆོས་དེ་དགེ་ལུགས་པ་ཆགས་སྡད་ཡོད་ཀྱང་། བསྟན་པ་རིས་མེད་ལ་གསན་སྦྱོང་གནང་བ་རེད། 

དེ་ནས་བསོད་ནམས་རྒྱ་མཚོའི་སྐབས་ལ་མཚན་ཡག་པོ་དྲན་མ་སོང་། ས་སྐྱ་བླ་མ་དང་དམིགས་གསལ་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཅིག་འདུག ཡོན་ཏན་རྒྱ་མཚོ་དེ་འདྲ་རེད། མང་པོ་དེ་ཙམ་མེད་པ་རེད། དེ་ནས་༧གོང་ས་ལྔ་པ་ཆེན་པོ་གང་ལྟར་རིས་མེད་ཀྱི་གངས་ཅན་ལྗོངས་ཀྱི་བསྟན་པ་ལ་ཞེ་བོ་ཅིག་ཞབས་འདེགས་སྒྲུབ་བ་རེད། ཞེས་རྒྱལ་དབང་རིམ་བྱོན་ནས་རིས་མེད་ཀྱི་བསྟན་པ་ལ་ཞབས་འདེགས་སྒྲུབ་གནང་མཛད་ཡོད་པ་དང་། སྤྱིར་ཕྱི་ནང་གི་གྲུབ་མཐའ་དེ་ཚོ་ཤེས་དགོས་པ་གལ་ཆེ་ཡིན་པས་སོ་སོའི་ཆོས་དེ་གཅིག་པོ་རྩ་ཆེན་པོ་ཡིན་ཞེས་ན་མི་ཕན་པས་གཞུང་མང་པོ་སློབ་གཉེར་བྱེད་དགོས་པ་དང་འབྲེལ་བའི་ཤར་གངས་རི་མ་དང་སྙིང་འདབ་བརྒྱད་ཀྱི་གསུང་ཆོས་ཟབ་མོའི་སྙིང་དོན་ལེགས་པར་སྩལ་གནང་གྲུབ། 

དེ་ནས་སླར་ཡང་། དེ་རིང་ལྔ་མཆོད་ཀྱི་མཛད་སྒོ་ཐོག་མཐར་བར་དུ་དགེ་བ། ཧ་ཅང་ཡག་པོ་རེད། གཙོ་བོ་དེ་ང་ཚོ་ཚང་མས་རྗེ་བླ་མར་རྗེས་དྲིན་བྱེད་སྐབས་ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་པོར་ཚོར་སྣང་སླེབས་ཡོང་བ་ཅིག་མ་གཏོགས་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་སྐྱེས་པ་མི་འདུག  དེར་བརྟེན། ལྔ་མཆོད་ཀྱི་མཛད་སྒོའི་ཐོག་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོར་རྗེས་དྲན་བྱེད་དུས་ཁོང་གི་གསུང་གི་པོ་ཏི་བཅོ་བརྒྱད་དེ་ང་ཚོའི་བློ་ལ་ཤར་ཡོང་བ་ཞིག  དེ་ཡི་སྙིང་པོར་བལྟས་ཡོང་དུས་ད་ལྟ་ཞུས་པ་ནང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་གཅིག  སྟོང་ཉིད་ཀྱི་ལྟ་བའི་སྐོར་གཅིག སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དྲི་མ་མེད་པ་རིགས་པའི་ལམ་ནས་གོང་འོག་ཚང་མ་སྒྲིག་ནས་གཏན་ལ་ཕབས་པ་དེ་རྗེ་རིན་པོ་ཆེ་ཡི་གཞུང་དེ་དག་རེད། ཁ་སང་ཞུས་ཚར་བ་ཡིན། 

དེར་བརྟེན། སྟོང་ཉིད་ཀྱི་ལྟ་བ་ཡིན་ན་རྗེ་རིན་པོ་ཆེ་ཀླུ་སྒྲུབ་གཉིས་པ་ལྟ་བུར་ཕལ་ཆེར་རེད། དེ་བཤད་ཐུབ་ཀྱི་རེད། དེའི་སྟེང་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་དེ་ཁ་སང་ཞུས་པ་ནང་བཞིན་སྤྱོད་འཇུག་གི་དེ་བཞིན་སྣོན་པ་བརྒྱབ་ནས་ང་ཚོ་དེ་སྔ་དབུས་གཙང་ཁུལ་ལ་སྤྱོད་འཇུག་བཤད་རྒྱུན་ཡང་མེད་བཟོ་འདུག  སྤྱོད་འཇུག་སྣང་མེད་ལྟ་བུར་སླེབས་སྡད་འདུག དེ་ལྟར་མ་རེད། སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ་དེ་ཧ་ལས་བའི་གལ་ཆེན་པོ་རེད། དེར་ཡག་པོ་ལྟ་དགོས་པ་རེད། སྟོང་ཉིད་ཀྱི་རྣམ་བཞག་དེ་དག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རྗེ་རིན་པོ་ཆེ་ཡི་རྩ་འཇུག་གི་རྣམ་བཤད།  དྲང་ངེས་ལེགས་བཤད་སྙིང་པོ།  དེའི་ཐོག་ལ་གཏན་ལ་ཕབས་སྡད་པའི་ལྷག་མཐོང་ཆེ་ཆུང་གཉིས། རྒན་ཏྲེ་བོ་སྐྱོར་དབོན་དམ་པ་དེ་ཡིས་རྩ་འཇུག་རྣམ་བཤད་གཉིས། དྲང་ངེས་ལེགས་བཤད་སྙིང་པོ། ཡས་ནས་གཞུང་ལྔ་བོ་དེ་ཡག་པོ་ཞིག་རྒྱུས་ཡོད་བྱུང་ན་ལྟ་བ་ལ་སྐྲག་མི་དགོས་བ་ཡོང་གི་རེད་གསུང་བ་དེ་བདེན་པ་རེད། དེ་འདྲ་རེད། དེ་ག་རང་ཡིན་བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་མགོན་པོ་གང་ཉིད་མཆོག་ནས་བཀའ་སློབ་ཟབ་མོ་ལེགས་པར་སྩལ་གནང་སོང་།

གནས་ཚུལ་གཏོང་མཁན། དགེ་བཤེས་ལྷ་རམས་པ་ངག་དབང་ཉི་མ།