དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ།

མདུན་ངོས། / དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊིར་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གྲྭ་ཚང་དུ་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཚོགས་མགོན་དུ་ཆིབས་བསྒྱུར་དང་བླང་དོར་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོ་ཆུ་ཚོད་༨།༥༥ སྟེང་འགྲོ་བ་ལྷ་དང་བཅས་པའི་མ་འདྲེས་པའི་མཛའ་བཤེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་བའི་གཟིམ་ཆུང་ནས་མཁན་ལས་ཟུར་རྣམས་ཀྱིས་སྤོས་སྣེ་དང་བཅས་ཏེ་མཁས་མང་བློ་གསལ་གླིང་གྲྭ་ཚང་གིས་གོ་སྒྲིག་བྱས་པའི་དབུ་མ་བཞི་བརྒྱ་བའི་བགྲོ་གླིང་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བགྲོ་གླེང་གསུང་བཤད་གནང་མཁན་ཚོས་རིམ་བཞིན་བགྲོ་གླེང་མཛད་པ་དང་།  ཆུ་ཚོད་༡༠།༤༥ཙམ་ལ་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་གི་འཇུག་ཡོངས་སུ་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་ཚོགས་ཞུགས་པ་རྣམས་ལ་བཀའ་སློབ་བཀའ་དྲིན་སྩལ་དོན། 

 ད་དེ་རིང་འདིར་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་གནང་བ་རེད། དབུ་མའི་ལྟ་བའི་རྩ་བའི་ཁུངས་གཏུགས་ས་ནི་ཤེར་ཕྱིན་གྱི་མདོ་དེ་དག་ཡིན་པ་རེད།  ཤེར་ཕྱིན་གྱི་གཞུང་དེ་དག་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཅས་གཞིའི་གནས་ཚུལ་ནས་ལམ་ཐབས་ཤེས་གཉིས་དང་། འབྲས་བུ་སྐུ་གཉིས་སྒྲུབ་པ་རྣམས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་མཛད་ནས་དོན་བདུན་བཅུ་སོགས་ཀྱི་ཐོག་ནས་ལས་དང་པོ་བའི་ས་ནས་ཇི་ལྟར་འགྲོ་དགོས་ཀྱི་ཡོད་མེད་དང་།  མདོར་ན། ཤེར་རབ་སྙིང་པོའི་ནང་དུ། ཏདྱ་ཐཱ།  ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ། ཟེར་བ་དེ་ལྟར་ང་ཚོ་འགྲོ་དགོས་པ་རེད། གང་ལྟར་ང་ཚོ་དམིགས་ཡུལ་དེ་དཔེ་ཆ་བལྟས་དགེ་བཤེས་བཞག  དགེ་བཤེས་བཞག་ཚར་ནས་ཨ་མི་རི་ཀར་འགྲོ་རྒྱུ་ལྟ་བུ་མིན་པར་ང་ཚོས་དཔེ་ཆར་བལྟས་པའི་དགོས་དོན་དེ་སོ་སོ་སྐྱེས་པོ་ཐ་མལ་པའི་བློ་དེ་རིམ་པའི་ཡར་སྦྱངས་ནས་ཚོགས་ལམ། སྤྱོར་ལམ། མཐོང་ལམ།  སྒོམ་ལམ། མི་སློབ་ལམ་བཅས། ཏདྱ་ཐཱ ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་པོ་དྷི་སྭཱཧ། ཟེར་བ་དེ་ང་ཚོ་མི་ཚེ་འདི་འདྲ་སྐྱེལ་དགོས་པ་རེད། ཐམས་ཅད་མཁྱེན་པའི་གོ་འཕོང་ཐོབ་རྒྱུ་མ་བྱུང་ན་ཡང་།  ཚེ་འདི་ལ་སྔོན་ལ་རྣམ་མཁྱེན་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་དང་།  གཞན་དོན་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་ཞིག་གི་ཐོག་ནས་ཚོགས་ལམ་སྐྱེས།  དེ་ནས་མུ་འཐུད་ནས་སྟོང་ཉིད་ཀྱི་ལྟ་བ་ལ་སྦྱང་ནས་སྟོང་ཉིད་ལ་སྒོམ་བྱུང་གི་བློ་སྐྱེས་ཡོང་དུས་སྐབས་སྦྱོར་ལམ་ཐོབ།  མུ་མཐུད་དུ་སྒོམ་ནས་མཐོང་ལམ་ཐོབ་རྒྱུ་ང་ཚོའི་ཚེ་འདི་ལ་ངོས་རང་གིས་རེ་བ་རྒྱག་གི་ཡོད།  ཞི་གནས་སྒོམ་པར་དུས་ཚོད་མི་འདུག་མ་གཏོགས་གཞན་ཚེ་འདིར་སྦྱོར་ལམ་ཐོབ་མི་ཡོང་ངམ་བསམ་པའི་རེ་བ་ཞིག་རྒྱགས་ཀི་ཡོད།  ཤེས་སོང་ངམ།  

དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་ནས་དྲང་ནས་ཀྱིས་རིགས་ཚོགས་དྲུག་དང་། གཙོ་བོ་རྩ་བ་ཤེས་རབ་ཧ་ལས་པ་རེད། དབུ་མ་བཞི་བརྒྱ་བ་ཡིས་ཐོག་མེད་མ་མི་རྟག་པ་སྒོམ་པ་ནས་བཟུང་།  བྱང་ཆུབ་ཀྱི་སེམས་པའི་བསླབ་བྱ་སོགས་རྩ་བ་ཤེས་རབ་བཞེད་དགོངས་ལྟ་བུ་རེད། ཧ་ཅང་གལ་ཆེན་པོ་རེད། 
དེ་ནས་སློབ་དཔོན་ལེགས་ལྡན་ལ་སོགས་དང་། སློབ་དཔོན་སངས་རྒྱས་བསྐྱངས་བསམ་གྱིས་མི་ཁྱབ་པ་རེད། ངས་ནམ་རྒྱུན་བཤད་བཞིན་པ་དེ་རེད། སངས་རྒྱས་བསྐྱངས་ཀྱིས་ངོ་བོ་ཉིད་ཀྱིས་གྲུབ་ན་རྟེན་ནས་བཏགས་པས་ཅི་བྱ་ཞེས་པའི་ཚིག་བསྡུས་བསྡུས་ཁོ་ནས་ཧ་ཅང་བསྡོམས་བརྒྱབ་ཡོང་གི་འདུག  དེ་ནས་སློབ་དཔོན་ལེགས་ལྡན་ལ་སོགས་པའི་ཐ་སྙད་དུ་རང་མཚན་ཡོད་མེད་ལ་མུ་མཐུད་དཔྱད་པ་གནང་བ་དང་། མཇུག་སྡོམ་ལྟ་བུ་དཔལ་ལྡན་ཟླ་བ་གྲགས་པས་བསྐྱོན་ནས་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་དང་བཅས་པ།  རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་ཚིག་གསལ་སོགས་གཞུང་དེ་དག་ང་ཚོས་རྒྱུན་འདོན་གྱི་ཚུལ་ལྟར་རྒྱུན་དུ་ལྟ་དགོས་པ་ཞིག་རེད། 

དེ་ལྟར་ཐོག་མ་མེད་པ་ནས་དུས་ད་ལྟ་བར་དུ་གོམས་པའི་བདག་འཛིན་ལ་བདག་འཛིན་ཁོ་རང་གི་བསམ་བློའི་་ནང་དུ་ད་ག་རེ་བྱས་ཡོང་ཟེར་བ་ལྟ་བུའི་བཟོད་མི་བདེ་བ་ཡོང་བ་ཞིག་ཏན་ཏན་རེད།   རྩ་འཇུག་གཞི་གསུམ་སྦྲེལ་ནས་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་སྣང་ཡང་མི་བདེན་པ་ལ་ཕལ་ཆེར་ངེས་པ་རྙེད་ཐུབ་པ་ཞིག་རེད། སྣང་བ་སྣ་ཚོགས་ཚོགས་དྲུག་གི་བཞི་མདོ་ན།། གཞི་རྩ་བྲལ་བའི་གཉིས་ཆོས་ཀྱི་ཟ་ཟི་མཐོང་།། བསླུ་བྲིད་སྒྱུ་མའི་ལྟད་མོ་ཞིག་དེ་ན་གདའ། ། བདེན་ནོ་མ་སྙམ་སྟོང་ཉིད་ཀྱི་ངོ་བོར་ལྟོས།། གསུངས་པ་ལྟར། དེ་ལྟ་བུའི་ཐོག་ནས་གང་ལྟར། གོམ་ན་སླ་བ་མ་ཡིན་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།།  གསུངས་པ་ལྟར་གོམས་ན་ག་ལེར་བློ་ལ་འགྱུར་བ་ཐེབས་རྒྱུ་ཏན་ཏན་ཡོད་པ་རེད། བློ་ལ་འགྱུར་བ་ཐེབས་པ་དེའང་མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅིག་ཡོད་པ་ཡིན་པས་གང་ལ་རྒྱུ་མཚན་དང་ལྡན་པའི་བློ་དེ་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་ཐུབ་པ་དང་། བདེན་འཛིན་ལྟ་བུ་རྒྱུ་མཚན་མེད་པའི་བློ་དེ་ལྟ་བུ་གཞི་རྩ་བརྟན་པོ་མེད་པ་ཞིག་ཆགས་ཡོད། དེར་བརྟེན། འགོག་བདེན་ཟེར་བ་ཞིག་ཡོད་ཆོག་པ་བསམ་པ་བློ་ལ་དྲན་རྒྱུ་ཞིག་དང་།  མཐར་ཐུག་ངོ་བོ་ཉིད་སྐུ་དང་།  བྲལ་བའི་ཡོན་ཏན་དེ་ལྟ་བུ་ཞིག་བློ་ལ་ཡོང་ཆོག་པ་བསམ་པ་ཞིག་བློ་ལ་ཤར་རྒྱུ་ཞིག་འདུག  

གང་ལྟར་ཐོས་དོན་སྒྲུབ་ལ་གཞོལ་དགོས་པ་རེད། ཁྱོད་རང་ཚོས་དཔེ་ཆ་རྒྱུན་རིང་བལྟས་བལྟས་པའི་དོན་དག་དེ། ད་ལྟ་བཤད་མ་ཐག་པ་ནང་བཞིན་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་པོ་དྷི་སྭཱཧ། ཞེས་པ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་བཅས་དགོས། ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་ནང་ལ་འདུག  བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་སྦྱོར་ལམ་པ་རེད་ཅེས་ཡོང་གྲགས་བཤད་སྡོད་མཁན་དེ་ལྟ་བུ་ཡོད་འདུག ང་ཚོ་འདིར་འབྲས་སྤུངས་རེད། ་དེ་རིང་ཁ་སང་འབྲས་སྤུངས་བློ་གསལ་གླིང་རེད།  ཁྱོད་རང་ཚོའི་ནང་དེ་ལ་སྦྱོར་ལམ་ཐོབ་ཡོད་པ་རེད་ཟེར་ཅེས་ནས་མཚན་གཞི་ངེས་འཛིན་རྒྱུ་ད་ལྟ་མེད་ནའང་། རིམ་བཞིན་དེ་ལྟ་བུ་ཡོང་ཐུབ་པ་ཞིག་དགོས། མཁྱེན་སོང་ངམ།  དེ་ལྟར་བྱས་ན་སློབ་གཉེར་བྱས་པའི་དགོས་དོན་ཐོག་མ་ཐོས་བྱུང་གིས་སྒྲོ་འདོག་བཅད་ནས་ཐོས་བྱུང་གི་ཤེས་རབ་སྐྱེས། ཐོས་པའི་དོན་དེ་ལ་ཡང་ནས་ཡང་དུ་བསམ་བློ་བཏང་ནས་ཞེས་གསུངས་པའི་ཕྱིར་ཞེས་ལུང་ཙམ་ལ་སྐྱབས་གནས་བཅོལ་མི་དགོས་པར་སོ་སོ་རང་གིས་བསམ་བློ་བཏང་ནས་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་བློ་ལ་ཤར་ཐུབ་པ་ཅིག་དགོས། དེ་བསམ་བྱུང་གིས་ངེས་པ་རྙེད་པ་ཟེར་བ་དེ་རེད། 

བསམ་བྱུང་གི་དོན་ལ་བསམ་བྱུང་གི་ཤེས་རབ་ཀྱིས་ངེས་པ་ཐོབ་པའི་དོན་དེ་ལ་ཞོགས་པ་གཉིད་སད་པ་དང་གཙོ་བོ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། བྱང་ཆུབ་ཀྱི་སེམས་སྒོམ་མཁན་གྱི་བདག་ཅེས་པ་དེ་གང་དུ་འདུག་གམ། བསམ་བློ་བཏང་ཡོང་སྐབས་རྩ་བ་ནས་མཛུབ་གུ་འཛུགས་ས་མེད་པ་ཆགས་ཡོང་གི་འདུག དེ་ལྟར་ཉིན་རེ་བཞིན་དུ་ང་ཚོས་ལྷ་ཡི་རྣལ་འབྱོར་འདོན་གྱི་ཡོད་པ་རེད་དེ། རྩ་བའི་མ་རྩ་ལྟ་བུ་ནི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེ་ཤོས་ཆགས་ཡོད་པ་རེད།  ངོས་རང་གིས་ཕལ་ཆེར་ལོ་ལྔ་བཅུ་དྲུག་བཅུ་རིང་ལ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཧ་ཅང་ཨུ་ཚུགས་བརྒྱབ་པ་ཡིན།  དེ་ལྟར་བྱས་ཡོང་དུས་ཏན་ཏན་ག་ལེར་ག་ལེར་བློ་ལ་འགྱུར་བ་ཐེབས་རྒྱུ་ཡོད་སྡད་པ་ཅིག་ཏན་ཏན་འདུག དེར་བརྟེན། ཐོས་བྱུང་གི་ཤེས་རབ།  བསམ་བྱུང་གི་ཤེས་རབ། དེ་ནས་སྒོམ་བྱུང་དང་། རིམ་བཞིན་སྦྱོར་ལམ་ཐོབ་ཐུབ་པ་ཞིག་ལ་འགྲོ་ཐུབ་པ་ཞིག་དགོས། དེ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་ནས་ས་དང་པོ་ཡེ་ཤེས་ཐོབ། དེ་ནས་ས་གཉིས་པ་གསུམ་པ་ནས་དེ་ལྟར་འགྲོ་བ་ཡོད་པ་ཞིག་དགོས། 

ང་ཚོས་དཔེ་ཆར་བལྟས་པ་ནི་ལམ་ཁ་འདིའི་དོན་དུ་རེད་མ་གཏོགས་དགེ་བཤེས་མིང་འཇོག་རྒྱུ་གཅིག་པུ་མ་རེད། དེར་བརྟེན། ཁྱོད་རང་ཚོས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་ཞིག་བྱས་ནས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས། དང་པོར་རྒྱ་ཆེར་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།། ཚུལ་འདི་བསམ་ནས་མདུན་མ་ལེགས་ནས་གདའ།། བཀའ་དྲིན་ཆེ་འོ་རྗེ་བཙུན་མཁྱེན་པའི་གཏེར།། ཞེས་རྗེ་རིན་པོ་ཆེ་ཁོང་གིས་གསུངས་པ་རེད། ང་ཚོ་དེ་ཡི་རྗེས་འཇུག་རེད། ང་ཚོ་ཡང་དེ་བཞིན་བཞིན་བྱེད་ཐུབ་པ་ཞིག་ལ་བསམ་བློ་གཏོང་དགོས་པ་རེད། དེ་ཞུ་འདོད་བྱུང་། གཞན་དམིགས་བསལ་ཞུ་རྒྱུ་མི་འདུག  ཅེས་སོགས་བཀའ་སློབ་སྩལ།

གནས་ཚུལ་གཏོང་མཁན། ངག་དབང་ཉི་མ་ལགས།