ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།

མདུན་ངོས། / ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།

༄༅། མཁྱེན་རླབས་མཚུངས་བྲལ་ྋམི་རྗེ་ཏེང་ཞའོ་ཕིང་མཆོག་ལ།

                                                                                       ཆེད་འབུལ།

འགྲོ་བ་མི་སྤྱི་དང༌། ལྷག་པར་འབྱོར་མེད་གྲལ་རིམ་གྱི་བདེ་རྩ་གཙོ་བོར་དམིགས་པའི་དམར་པོའི་ལྟ་བ་དང༌། ལེ་ནིན་གྱི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ལ་ཕྲན་རང་བློ་མོས་དང་ཡིད་ཆེས་ཡོད། ཕྱོགས་མཚུངས་མའོ་ངོ་མཇལ་སྐབས་ལྟ་བ་དང་མི་རིགས་སྲིད་བྱུས་སྐོར་བཀའ་མོལ་བྱུང་རིགས་ལའང་བློ་ཡིད་ཚིམ་པ་བྱུང༌། ལྟ་བ་དང༌། དེ་དང་འབྲེལ་བའི་སྲིད་བྱུས་རྣམས་ལག་ལེན་དོན་འཁེལ་བྱུང་ཡོད་ན་ད་ཆ་མི་སྨོན་རང་སྐྱིད་གཅིག་འབྱུང་ངེས་ཡིན། འོན་ཀྱང༌། འདས་པའི་ལོ་ཉི་ཤུ་ལྷག་གི་རིང་བྱུང་བའི་གནས་ཚུལ་སྤྱི་སྙོམས་ཀྱིས་བཤད་ན། མི་ལ་དགོས་པའི་བདེ་སྐྱིད་ཀྱི་རྩ་བ་དཔལ་འབྱོར་དང༌། ཤེས་ཡོན་ཡར་རྒྱས་མེད་པའི་འཐུས་ཤོར་ཆེ་ཐོག བརྡབས་གསིགས་བཟོད་མ་བདེའི་ངལ་དུབ་ཧ་ཅང་ཆེ་བས་ཏང་དང་མི་མང༌། ལས་བྱེད་དང་མི་མང༌། ལས་བྱེད་ནང་ཁུལ། མི་མང་ནང་ཁུལ་བཅས་པར་ཕན་ཚུན་ཡིད་ཆེས་བརླག་སྟེ། མ་ཡོད་ཡོད་ཚུལ་དང༌། མ་ཡིན་ཡིན་ཚུལ་ཤ་སྟག་གིས་གཅིག་གིས་གཅིག་ལ་མགོ་སྐོར་བསླུ་བྲིད་བྱས་ནས་དོན་སྙིང་དམིགས་ཡུལ་ངོ་མའི་ཐོག་འཐུས་ཤོར་རྗེས་ལུས་ཤིན་ཏུ་ཆེན་པོར་གྱུར། ད་སྐབས་ཕྱོགས་མང་པོ་ནས་བློ་ཁ་མ་ཚིམ་པའི་རྣམ་འགྱུར་རང་བཞིན་གྱིས་ཐོན་ཡོང་བ་འདི་དག་དམིགས་ཡུལ་དོན་འཁྱོལ་མ་བྱུང་བའི་རྟགས་མཚན་ཤིན་ཏུ་གསལ་པོ་ཡིན།

བོད་ནང་གི་གནས་ཚུལ་ལ་མཚོན་ན། འཕྲལ་སྒང་སོ་སོའི་རང་མིང་ཐོན་ཐབས་ཙམ་ལས། བོད་དང་བོད་མིའི་གནས་ཚུལ་གང་ཡང་མི་ཤེས་པའི་རྒྱ་རིགས་ལས་བྱེད་པ་དང༌། ངོ་དགའ་སྤྲེལ་ལད་འཁྲབ་རྒྱུ་ཙམ་ལས། གཞི་རྩའི་འགྲོ་བ་མིའི་བདེ་སྐྱིད་དང༌། རང་གི་མི་རིགས་ཀྱི་འཕྲལ་ཕུགས་བདེ་དོན་ཐོག་བློ་གྲོས་དང༌། འབྱོན་ཐང་གང་ཡང་མེད་པའི་བོད་རིགས་ལས་བྱེད་འགའ་ཞིག་ཟུང་དུ་སྦྲེལ་ནས། མ་ཡོད་ཡོད་ཚུལ་གྱི་ལས་བསྡོམས་འདྲ་གང་ཆགས་ཤ་སྟག་བཟོས་པ་ལས། དངོས་དོན་ཐོག་བོད་མི་མང་རྣམས་ཚད་མེད་པའི་དཀའ་སྡུག་སྣ་མང་མྱོང་དགོས་བྱུང་བས་མ་ཚད། ཤིན་ཏུ་འབོར་ཆེའི་མི་སྲོག་དོན་མེད་ཆུད་ཟོས། ཤེས་རིག་གསར་བརྗེའི་ལས་འགུལ་སྐབས་བོད་ནང་གནའ་དུས་ཀྱི་རིག་གཞུང་དངོས་ རྫས་ལ་གཏོར་བཤིགས་ཚབས་ཆེན་ཕོག་པ་སོགས་བློ་ཕམ་སྐྱེ་གཞིའི་གནས་ཚུལ་མང་དག་ཅིག་བྱུང་བ་བཅས་འདས་པའི་གནས་ལུགས་མཐོང་ཚུལ་ཙམ་ཡིན།

ད་ཆ་སྔོན་ཆད་ཀྱི་ནོར་འཁྲུལ་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་དངོས་ཐོག་བདེན་འཚོལ་དང༌། དེང་རབས་ཅན་ལ་བསྒྱུར་རྒྱུའི་སྲིད་བྱུས་རྣམ་དཔྱོད་དང་ལྡན་པའི་ལམ་དུ་བསྐྱོད་བཞིན་པ་དང༌། བོད་དོན་སྐོར་ལའང་བློ་མཐུན་ཧུ་ཡའོ་ཕང་ལྷ་སར་ཕེབས་ནས་སྔོན་ཆད་ཀྱི་ནོར་འཁྲུལ་ལ་སྦས་གསང་མེད་པར་ནོར་བཅོས་གང་ཐུབ་གནང་འདུག་པར་ཡི་རངས་དང་བསྔགས་བརྗོད་ཞུ་གི་ཡོད།

ལམ་ཙམ་མཁྱེན་གསལ་ལྟར། གོང་གསལ་མི་ལོ་ཉི་ཤུ་ལྷག་གི་དུས་ཡུན་རིང༌། ང་ཚོ་ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ནས་གཙོ་བོར་སོ་སོའི་མི་རིགས་དང༌། སྔར་གྱི་གོམས་གཤིས་ལེགས་ཆ་ཡོད་པ་རྣམས་ཉམས་མེད་རྒྱུན་འཛིན། ན་གཞོན་ཚོར་སོ་སོའི་མི་རིགས་ཀྱི་ཤེས་ཡོན་ཐོག་ནས་རང་ཉིད་ཀྱི་མདུན་ལམ་ལྟ་འཚོལ་ཐག་གཅོད་ཐུབ་ཐབས། མདོར་ན་ཡ་རབས། དྲང་བདེན། དམངས་གཙོ་བཅས་པའི་བོད་མིའི་སྤྱི་ཚོགས་བཟང་པོ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱས་ནས་རང་ཡུལ་མིན་པའི་གཞན་ཡུལ་ལ་དཔགས་པའི་འཛུགས་བསྐྲུན་འཛམ་གླིང་བཙན་བྱོལ་བའི་ལོ་རྒྱུས་ནང་ཞུམ་མི་དགོས་པ་ཞིག་བསྒྲུབས་ཡོད་པ་དང༌། སྲིད་དོན་ཆ་ནས་བོད་མི་རིགས་ཀྱི་འོས་བབས་ཐོབ་ཐང་རྩོད་གླེང་དྲང་བདེན་གྱི་ལམ་ནས་བྱས་པ་ལས། མི་བདེན་རྫུན་སྒྲིག་དང༌། འུད་སྒྲོག རྒྱ་མི་རིགས་ལ་དམའ་འབཻབས་ཞེ་གནག་རིགས་ནམ་ཡང་བྱས་མེད་ཅིང༌། ལྷག་པར་རྒྱལ་སྤྱིའི་སྲིད་དོན་ཤོག་ཁག་གང་གི་ཡང་རྗེས་སུ་མ་འབྲངས་པར་སོ་སོའི་དྲང་བདེན་གྱི་གནས་ཕྱོགས་ཁོ་ན་བརྟན་བཟུངས་བྱས་པ་ཡིན།
ཕྱི་ལོ་ ༡༩༧༩ ལོ་སྟོད་སྐུ་ཉིད་ནས་ཆེད་འབོད་རྒྱ་ལོ་དོན་གྲུབ་བརྒྱུད་འཕྲིན་ལན་གནང་སོན་དུ། ཕན་ཚུན་འབྲེལ་བ་བྱེད་དགོས་པ་དང༌། བོད་ནང་ལྟ་སྐོར་གྱི་མགྲོན་བརྡ་གནང་བ་ལྟར། བོད་ནང་ལྟ་སྐོར་བ་ཐེངས་གསུམ་བསྐྱོད་དེ་དངོས་ཡོད་གནས་ཚུལ་བཟང་ངན་གཉིས་ཀ་ཞིབ་རྟོགས་ཐུབ་པ་བྱུང་དོན། བོད་རྒྱ་ཆེའི་མི་མང་རྣམས་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་ཡོད་ན་རྙོག་གླེང་བསམ་འཆར་ཡོང་དོན་གང་ཡང་མེད་ཀྱང༌། དངོས་ཡོད་གནས་ཚུལ་གོང་སྨྲོས་ལྟར་བོད་མི་བརྒྱ་ཆ་དགུ་བཅུ་ཡན་ལུས་སེམས་གཉིས་ངལ་གྱི་གནས་སྟངས་འོག་བློ་ཕམ་ཤིན་ཏུ་ཆེན་པོའི་ངང་གནས་འདུག དཀའ་ངལ་འདི་དག་རང་བྱུང་གནོད་འཚེས་བྱུང་བ་མ་ཡིན་པར་མིའི་བྱེད་སྤྱོད་ལས་བྱུང་བ་ཡིན་སྟབས་ད་ཆ་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། རྒྱུ་མཚན་ལྡན་པའི་ཐབས་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པས། བོད་རྒྱ་དབར་དང༌། བོད་ཕྱི་ནང་དབར་མཛའ་འབྲེལ་ཇེ་ཆེར་བཏང་ཐོག འདྲ་མཉམ་དྲང་བདེན་གཞི་རྩར་བཟུངས། ཕན་ཚུན་གོ་རྟོགས་གསལ་པོ་ཡོང་བ་བྱས་ཏེ། མ་འོངས་པར་བོད་རྒྱ་མཛའ་མཐུན་དམ་ཟབ་ཡོང་བ་དང༌། བདོ་མི་མང་ལ་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་ཡོང་བའི་དོན་དུ་ཕན་ཚུན་གཉིས་ཕྱོགས་ནས་བཟོད་སྲན་ཁོག་ཡངས་དང་འབྲེལ་བློ་གྲོས་གཏིང་ཟབ་ཀྱི་སྒོ་ནས་འབད་བརྩོན་ཛ་དྲག་གིས་བྱེད་དགོས་པའི་དུས་ལ་བབས་པ་ལྟ་བུ་མཐོང་གི་འདུག
རང་ངོས་ནས་རྒྱལ་མཚམས་རིས་མེད་འགྲོ་བ་མིའི་རིགས་སྤྱི་དང༌། ལྷག་པར་ཉམ་ཐག་མི་མང་གི་བདེ་དོན་སྒྲུབ་པ་ལ་ཤེས་ཚོད་ནུས་ཚོད་ཀྱིས་འབད་བརྩོན་བྱེད་རྒྱུའི་ལྷག་བསམ་རྒྱུན་བཅངས་ཡོད་མུས་ཐོག་བོད་མི་མང་རྣམས་ནས་ཀྱང་ངེད་རང་ལ་ཡིད་ཆེས་རེ་འབོད་བྱེད་བཞིན་འདུག་པས། མ་འོངས་པར་བོད་རྒྱ་ཆེའི་མང་ཚོགས་ཀྱི་འཕྲལ་ཡུན་བདེ་དོན་སྒྲུབ་ཕྱོགས་སྐོར་བསམ་འཆར་རེ་འདུན་འདོན་འོས་རིག་རིམ་བཞིན་ཞུས་འཐུས།

གོང་གསལ་དོན་གནད་ཁག་གི་སྐོར་ཁྱེད་རྣམ་པའི་དགོངས་འཆར་ཇི་ཡོད་གསལ་པོར་ཤེས་རྒྱུའི་རེ་བ་ཡོད། གུས་འདུད་དང་འཚམས་འདྲི་བཅས། རྒྱ་གར་ནས་ཏཱ་ལའི་བླ་མས་ ༨༡ ཟླ་ ༣ ཚེས་ ༢༣ ལ།
ཕུལ།།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཏེང་ཞའོ་ཕིང་ལ་ཕྱིག་བྲིས་དང་མཉམ་དུ་ཕུལ་བའི་དྲན་ཐོ།

༄༅། བར་ལམ་པེ་ཅིང་ནས་རྒྱ་ལོ་དོན་གྲུབ་བརྒྱུད་འབྲེལ་བ་སྔ་རྗེས་གནང་དོན། བོད་ནང་ལྟ་སྐོར་བ་ཐེངས་གསུམ་བསྐྱོད་ཟིན་པ་དང༌། ཐེངས་བཞི་པ་འདི་ལོ་ཕྱི་ཟླ་ ༤ ནང་བསྐྱོད་འཆར། བོད་ནང་ཁུལ་སློབ་གྲ་ཁག་ལ་རྒྱ་གར་ནས་དགེ་རྒན་མི་གྲངས་ ༥༠ ལོ་གཉིས་རིང་གཏོང་རྒྱུ། ཕན་ཚུན་འབྲེལ་མཐུད་བདེ་ཆེད་ལྷ་སར་དོན་བྱེད་ཁང་ཞིག་འཛུགས་རྒྱུ་བཅས་ལ་པེ་ཅིང་ནས་ཞལ་བཞེས་མོལ་མཐུན་སྔོན་གྲུབ་དེ་ལྟར་ཡང༌། ད་ལམ་རྒྱ་ལོ་དོན་གྲུབ་པེ་ཅིང་ནས་ཧོང་ཀོང་ཤིན་ཧྭ་གསར་ཁང་བརྒྱུད་འཕྲིན་ལན་གནང་སོན་དུ།
ལྟ་སྐོར་ཐེངས་བཞི་པའི་སྐོར་ད་ལྟ་ངེས་གཏན་མ་འཁེལ་བས་ཧོང་ཀོང་དང༌། ལྡི་ལི་གཞུང་ཚབ་གང་རུང་བརྒྱུད་ཕྱིར་ལན་སྤྲད་འཐུས།
ལྷ་སར་དོན་བྱེད་ཁང་འཛུགས་རྒྱུ་དང༌། སློབ་དགེ་གཏོང་རྒྱུའི་སྐོར་གཞི་རྩའི་མོས་མཐུན་སྔོན་ཟིན་ལྟར་ཡིན་ཀྱང༌། དོན་བྱེད་ཁང་འཛུགས་རྒྱུ་གནས་སྐབས་ངང་འཐེན་གྱིས་ཧོང་ཀོང་དང༌། ལྡི་ལི་གཞུང་ཚབ་བརྒྱུད་འབྲེལ་བ་གང་མང་མུ་མཐུད་བྱས་ལེགས།
སློབ་དགེ་རྣམས་རྒྱ་གར་ནང་གང་ཅིའི་མཐུན་རྐྱེན་འཛོམས་པོའི་ངང་འཚར་ལོངས་སློབ་སྦྱོང་བྱས་པ་ཤ་སྟག་ལ་བརྟེན། བོད་ནང་ད་ལྟ་མཐུན་རྐྱེན་འཛོམས་པོ་མེད་པའི་གནས་སྟངས་དཀའ་ངལ་ཅན་ནང་ཁོང་ཚོ་སྡོད་རྒྱུར་དཀའ་ངལ་ཡོང་རྒྱུ་དང༌། ཁོང་ཚོའི་སེམས་ཤུགས་ལ་གནོད་རྐྱེན་ཡོང་ཉེན་ཡོད་གཤིས། བོད་ནང་སློབ་དགེ་གཏོང་རྒྱུ་གནས་སྐབས་ངང་འཐེན་གྱིས་སྔ་འཕྲོས་རྒྱ་ནག་ནང་ཁུལ་མི་རིགས་སློབ་གྲ་ཁག་ལ་དགེ་རྒན་འགའ་ཤས་བཏང་སྟེ། དེ་ནས་རིམ་བཞིན་བོད་ནང་གཏོང་ཐབས་བྱས་ན་ལེགས། ཞེས་དང༌། ཡང་དེ་རྗེས་ལྡི་ལི་གཞུང་ཚབ་ཁང་ནས་ལན་འཕྲིན་གནང་སོན་དུ། ལྟ་སྐོར་ཐེངས་བཞི་པ་འདི་ལོའི་རིང་འགྱངས་འཐེན་བྱ་དགོས་ཞེས་འབྱོར་བྱུང༌།

གོང་གསལ་སྐོར་འདི་ནས་བསམ་འཆར་ཞུ་རྒྱུ་གཤམ་གསལ།
ཀ༽ ལྟ་སྐོར་ཐེངས་བཞི་པ་འདི་ལོའི་རིང་འགྱངས་རྒྱུ་དང༌། ལྷ་སར་དོན་བྱེད་ཁང་འཛུགས་རྒྱུ་གནས་སྐབས་ངང་འཐེན་བྱ་རྒྱུ་བཅས་དེ་དོན་ཞུས་འཐུས།
ཁ༽ བོད་ནང་སློབ་དགེ་གཏོང་རྒྱུའི་སྐོར། བོད་ནང་སློབ་གྲ་ཁག་ལ་མཐུན་རྐྱེན་འཛོམས་པོ་མེད་པའི་གནས་སྟངས་དཀའ་ངལ་ཡོད་པ་སློབ་དགེ་ཚོས་ཤེས་རྟོགས་གསལ་པོ་ཡོད་སྟབས། རྒྱུ་མཚན་དེས་ཁོང་ཚོའི་ལས་དོན་དང༌། སེམས་ཤུགས་ལ་གནོད་རྐྱེན་ཡོང་ཉེན་མེད་ངེས། ལྷག་པར་སློབ་དགེ་གཏོང་རྒྱུའི་དགོས་པ་གཙོ་བོ་ཡང༌། དཀའ་ངལ་ནང་ཡོད་པའི་སློབ་ཕྲུག་ཚོའི་སློབ་སྦྱོང་ཡར་རྒྱས་གཏོང་ཐབས་ཁོ་ནར་དམིགས་པ་ཡིན་སྟབས། དོན་གནད་འདིའི་སྐོར་ལ་བསྐྱར་དུ་དགོངས་བཞེས་གནང་བའི་རེ་བ་ཡོད། སློབ་དགེ་ཚོས་ཤེས་ཡོན་སློབ་སྦྱོང་ཁོ་ནའི་ལས་དོན་སྒྲུབ་རྒྱུ་ལས། སྲིད་དོན་རིགས་ནམ་ཡང་བྱ་རྒྱུ་མིན་པས་འདི་སྐོར་ཐུགས་གཡེང་གནང་དགོས་མ་མཆིས། ༡༩༨༡ ཟླ་ ༣ ཚེས་ ༢༣ ལ།།