ྋགོང་ས་མཆོག་གིས་ལོ་གསར་ལ་འཚམས་འདྲི་གནང་བ།

མདུན་ངོས། / ྋགོང་ས་མཆོག་གིས་ལོ་གསར་ལ་འཚམས་འདྲི་གནང་བ།

༄༅། །བོད་ལྕགས་སྟག་ལོའི་ལོ་གསར་ཚེས་གཅིག་ཉིན་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས ་༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧།༠༠ པའི་ཐོག་ྋགོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་ཆིབས་བསྒྱུར་བསྐྱངས་ཏེ། དཔལ་ལྡན་འདོད་ཁམས་དབང་ཕྱུག་རྒྱལ་མོའི་ཚེས་གཏོར་རྟེན་འབུལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་། མཛད་སྒོ་ལེགས་པར་གྲུབ་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཤམ་འོག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། འདི་ལོའི་ལོ་གསར་ཚེས་གཅིག་ཉིན་མོར་གཞིས་ལུས་རྒྱ་ཆེའི་མང་ཚོགས་གཙོས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་ལོ་གསར་གྱི་འཚམས་འདྲི་གནང་ཡོད།
  ལོ་གསར་ཚེས་གཅིག་ཉིན་ྋགོང་ས་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན།



དེ་རིང་གནམ་ལོ་གསར་ཚེས་ཉིན། བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་དང་རང་དབང་ལུང་པའི་ནང་ཡོད་པའི་ཡུལ་གྲུ་ཁག་གི་བོད་མི། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས་སེར་སྐྱ་ཕོ་མོ་ཡོངས། དེ་བཞིན་སོག་པོ་ཕྱི་ནང་དུ་ཡོད་པའི་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཆོས་གྲོགས་ཕོ་མོ་ཡོངས་ལ་ལོ་གསར་གྱི་གོ་སྐབས་འདི་བརྒྱུད་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གཞིས་ལུས་རྒྱ་ཆེའི་མི་མང་ནི་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་རེད། བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་སྡུག་བསྔལ་དྲན་གསོ་བྱེད་དགོས་པའི་དུས་ཚོད་ཅིག་ལ་ངོས་འཛིན་གྱིས། ང་ཚོར་ལོ་གསར་སྐབས་དགའ་དགའ་སྤྲོ་སྤྲོ་མ་བྱེད་རོགས་ཟེར་ནས་བསམ་ཚུལ་ཐོན་བསྡད་ཡོད་པ་དང་། ཕར་ཕྱོགས་དེར་དངོས་སུ་དཀའ་ངལ་འཕྲད་ནས་ལོ་ནས་ལོ་བསྟུད་དེ། སྙིང་སྟོབས་དང་སེམས་ཤུགས་འགྱུར་བ་མེད་པའི་གཞིས་ལུས་མི་མང་གིས་དེ་ལྟ་བུའི་སེམས་ཐག་བཅད་ཡོད་སྟབས། ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་ཀྱང་དགའ་དགའ་སྤྲོ་སྤྲོའི་རྣམ་པ་མེད་པའི་ཐོག་ནས་ལོ་གསར་གཏོང་གི་ཡོད།

སྤྱིར་བཏང་ལོ་གསར་སྐབས་དགའ་དགའ་སྤྲོ་སྤྲོའི་རྣམ་པ་བྱེད་ཀྱིན་ཡོད་ནའང་། ད་ལོར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལས་གཞས་ཞབས་བྲོ་འཁྲབ་ཀྱིན་མེད། དེ་རིང་གི་མཛད་སྒོ་ལྟ་བུར་མཚོན་ནའང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁོ་ན་ལས་གང་ཡང་ཡོད་པ་མ་རེད། ང་ཚོ་འདིར་ཡོད་མཁན་ཚོ་འཕྲལ་སེལ་རང་དབང་ལུང་པའི་ནང་སླེབས་བསྡད་ཀྱིན་ཡོད་ནའང་། རྩ་བའི་ང་ཚོའི་བོད་ཀྱི་གནད་དོན་དེ་ཐབས་སྐྱོ་བོ་ཞིག་གི་སྟེང་དུ་ཡོད་པ་དེ་མ་བརྗེད་པ་དང་སེམས་ལ་བཅངས་ཏེ། གཙོ་བོ་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཚོ་ལྷག་བསམ་སྙིང་སྟོབས་བརྟན་པོའི་ངང་བསྡད་ཡོད་པ་དང་། ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོ་ཡང་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པ་ཞིག་དགོས་པ་རེད།

  

ལོ་གསར་བ་འདིའི་ནང་གཞིས་ལུས་རྒྱ་ཆེའི་མི་མང་དང་རང་དབང་ལུང་པའི་ནང་ཡོད་པའི་བོད་མི། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས་ཚོ་དང་སོག་པོ་ཕྱི་ནང་གི་ཆོས་གྲོགས་ཚོ་སུ་ཡིན་ནའང་། ངས་སློབ་སྦྱོང་གི་ཕྱོགས་ལ་དོ་སྣང་དང་འབད་བརྩོན་བྱེད་རོགས་ཞེས་བརྗོད་འདོད་བྱུང་། ང་ཚོས་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུར་སྡེ་ཚན་ལྟ་བུར་ཕྱོགས་གཅིག་ནས་དེང་དུས་ཤེས་ཡོན་ཐོག་ལ་ཚང་མས་ཡིད་གཟབ་བྱས་ཏེ། གང་ཐུབ་ཐུབ་ཀྱིས་དོ་སྣང་བྱེད་དགོས་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོ་ཡིན་ནའང་སློབ་སྦྱོང་ཐོག་སོ་སོ་རང་ཉིད་རང་སྐྱ་འཕེར་བ་དང་། ཆེད་ལས་པ། རིག་གཅིག་རྐང་འཛིན་པ་བྱེད་ཐུབ་པ་ཞིག་གི་སེམས་ཤུགས་བསྐྱེད་དེ་འབད་བརྩོན་བྱེད་རོགས། ང་རང་ཚོར་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་དམིགས་བསལ་གྱི་ཕྱུག་པོ་ཞིག་ཡོད་པ་རེད། བསྟན་པ་ཡོངས་སུ་རྫོགས་པ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག དེ་ཡང་བཤད་སྒྲུབ་ཟུང་དུ་འབྲེལ་བའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་དེ། ང་ཚོ་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཚོ་དང་ལྷག་པར་དུ་མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དེ་འདྲའི་ཕྱག་སྲོལ་བཟང་པོ་ཞིག་བྱུང་ཡོད། ང་ཚོས་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། རྣམ་དཀར་དགེ་བ་བསྒྲུབ་ཟེར་བ་ཞིག་ང་ཚོ་ཚང་མས་བཤད་ཀྱིན་ཡོད་ནའང་། རྣམ་དཀར་དགེ་བ་བསྒྲུབ་རྒྱུར་དགེ་བའི་ངོ་བོ་གང་ཡིན་པ་དང་། དགེ་བ་དེ་བསྒྲུབ་རྒྱུའི་དམིགས་ཡུལ་གང་ཡིན་པ། དམིགས་ཡུལ་དེ་བསྒྲུབ་རྒྱུར་ཀུན་སློང་གང་འདྲ་ཞིག་དགོས་ཀྱི་ཡོད་པ། དེ་ཐམས་ཅད་རྒྱུ་དང་འབྲས་བུའི་རྟེན་འབྲེལ་ཡིན་སྟབས། རྟེན་འབྲེལ་གྱི་རང་བཞིན་གང་འདྲ་ཞིག་ཡིན་པ་དེ་ང་ཚོ་ཚང་མས་ཤེས་པའི་ཐོག་ནས། དགེ་བ་བསྒྲུབ་ཀྱི་ཡོད་ན། དགེ་བ་དེ་མིང་དོན་མཚུངས་པ་ཞིག་ཡོང་གི་ཡོད་པ་རེད།

དམིགས་ཡུལ་གང་ཡིན་པའང་མ་ཤེས། དགེ་བའི་ངོ་བོ་གང་ཡིན་པའང་མ་ཤེས། ཀུན་སློང་གང་འདྲ་ཞིག་དགོས་ཀྱི་ཡོད་པ་དེ་ཡང་མ་ཤེས་པའི་ཐོག་ནས་ཕྱག་འཚལ་སྐོར་གསུམ་བྱས་ནའང་། དེ་ཙམ་གྱིས་དགེ་བ་རླབས་ཆེན་པོ་ཡོང་གི་མ་རེད། དེར་བརྟེན་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ཆོས་གྲོགས་ཚོ་ཡིན་ནའང་། སངས་རྒྱས་ཀྱི་ཆོས་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་ཐོག་དོ་སྣང་གནང་རོགས། དེ་ངས་འབོད་བསྐུལ་ཞུ་འདོད་བྱུང་། དེ་མིན་ང་ཚོས་ངོས་འཛིན་བྱེད་སྟངས་ནང་བོད་ལ་སྤྱིར་བཏང་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་གྱིན་ཡོད་ཅིང་། དེ་དག་ལས་གཙོ་ཆེ་ཤོས་ནང་དོན་རིག་པ་ཡིན། ནང་དོན་རིག་པ་དང་ཚད་མ་རིག་པ་གཉིས་ལ་ཆ་བཞག་ན་ཧ་ལམ་འཛམ་བུ་གླིང་གི་ཁྱད་ནོར་ལྟ་བུར་ངོས་འཛིན་བྱེད་ཆོག་གི་རེད། ཡང་སྒོས་ནང་དོན་རིག་པའི་སྐོར་ལ་ཧ་ཅང་གི་ཕྱུག་པོ་ཡོད་པ་རེད། དེ་ལྟ་བུའི་འཛམ་བུ་གླིང་གི་གཅེས་ནོར་ལ་ངོས་འཛིན་ཐུབ་པའི་ནང་དོན་རིག་པ་གཏིང་ཟབ་པོ་ཞིག་ཡོད་པ་འདི་ང་ཚོ་བོད་མི་སྒེར་པ་མི་རེ་ངོ་རེས་སྦྱངས་ནས་ཤེས་པ་ཞིག་བྱུང་ན། ཤེས་ཡོན་ཟེར་བ་དང་ཤེས་རིག་ཟེར་བ་དེ་སོ་སོའི་ཕྱི་ལ་ཚང་རྒྱུ་ཞིག་མིན་པར་སྦྱངས་ཏེ་ཤེས་རྒྱུད་ལ་ཚང་དགོས་པ་ཞིག་ཡིན་སྟབས། སྦྱངས་ནས་ཤེས་དགོས་པ་རེད་མ་གཏོགས། སྨོན་ལམ་བརྒྱབས་ནས་ཤེས་ཀྱི་མ་རེད། དེར་བརྟེན་ཚང་མས་དེང་དུས་ཀྱི་ཤེས་ཡོན་དང་ང་ཚོར་གནའ་རབས་ནས་ཡོད་པའི་ཤེས་ཡོན་གཉིས་ལ་དོ་སྣང་བྱེད་དགོས་པ་དང་། དེ་ཡང་རིག་གནས་ཆེ་ཆུང་བཅུའི་ནང་ནས་གཙོ་ཆེ་ཤོས་ནང་དོན་རིག་པའི་སྐོར་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། འཛམ་བུ་གླིང་འདིའི་སྟེང་ང་ཚོར་ཆོས་ཕྱོགས་དང་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་གྲོགས་པོ་མང་པོ་ཞིག་ཡོད་པར་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སྩལ༎ །།