ལྡུམ་རྭ་བདེ་དགོན་གྱི་དབྱར་ཆོས་ཆེན་མོའི་མཇུག་བསྡོམས་མཛད་སྒོར་དབུ་བཞུགས།

མདུན་ངོས། / ལྡུམ་རྭ་བདེ་དགོན་གྱི་དབྱར་ཆོས་ཆེན་མོའི་མཇུག་བསྡོམས་མཛད་སྒོར་དབུ་བཞུགས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གྱི་རྒྱལ་ས་གླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ལྡུམ་རྭ་བདེ་དགོན་གྱི་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོར་དབུ་བཞུགས་ཆེད་ལྡུམ་ར་ Thoise དམག་མིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ཁྲིག་སེ་རིན་པོ་ཆེ་མཆོག་དང་། དཀྱིལ་ཁང་རིན་པོ་ཆེ།   ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་བསོད་ནམས་ཟླ་བ་བློན་པོ་ལགས།    ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམ་རྒྱལ་ལགས། རྫོང་དཔོན་ཚེ་རིང་རྣམ་རྒྱལ་ལགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། 

དེ་ཡང་གནམ་གྲུ་ཐང་ནས་ཕེབས་འཁོར་དུ་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་ས་གནས་ཡུལ་མི་སེར་སྐྱ་མི་མང་དང་། ཁ་ཆེའི་རྗེས་འཇུག་ཀྱི་མི་མང་སོགས་མི་གྲངས་སྟོང་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་ཏེ་ཆུ་ཚོད་ ༡༠ ཡོལ་ཙམ་ཐོག་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གཟིམ་ཆུང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དང་། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ། འབྲས་སྤུངས་སྒོ་མང་གི་མཁན་རིན་པོ་ཆེ་སོགས་བླ་སྤྲུལ་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས།

ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དབྱར་ཆོས་ཆེན་མོ་ཐེངས་ལྔ་པའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་གསུང་ཆོས་ར་བར་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ཁྲིག་སེ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་རོལ་དབྱངས་པ་རྣམས་ནས་ལྷར་རྔའི་མཆོད་པ་འབུལ།

དེ་ནས་ལམ་སྒྲོན་རོལ་ཆ་སྡེ་ཚན་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གྲུབ་མཚམས་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བཀའ་དྲིན་རྗེས་དྲན་དང་རྟེན་འབྲེལ་མཚོན་བྱེད་དུ་ཙན་དན་དམར་པོ་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་ཞིག་ཕུལ་བ་དང་། མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་བདེ་དགོན་གྱི་དགེ་འདུན་པ་ཁག་གཅིག་གིས་རྩོད་རྒྱུགས་གཟིགས་འབུལ་ཞུས། དེ་རྗེས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་བསོད་ནམས་ཟླ་བ་བློན་པོ་ལགས་དང་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་རྣམ་གཉིས་ཀྱིས་རིམ་བཞིན་གསུང་བཤད་གནང་བ་དང་། བདེ་དགོན་སློབ་གྲྭའི་སློབ་ཕྲུག་དང་བདེ་སྐྱིད་ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་ནས་རིགས་ལམ་གྱི་རྩོད་པ་གཟིགས་འབུལ་ཞུས།

དེ་རྗེས་ལ་དྭགས་དོན་རྩའི་བློན་པོ་ཚེ་རིང་རྡོ་རྗེ་ལགས་དང་ཁ་ཆེའི་མཁས་དབང་གཱཽ་ལམ་མོཧ་མཏ་སོ་ཕི་ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་ལགས། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་བཅས་ནས་གསུང་བཤད་གནང་གྲུབ་མཚམས་ལྡུམ་ར་བདེ་དགོན་སེར་སྐྱ་མི་མང་ཡོངས་ཀྱིས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕྱག་རྟགས་ཤིག་གོ་སྒྲིག་བྱས་ཡོད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་།

དེ་ནས་༸གོང་ས་མཆོག་གིས་ཁྲི་ཟུར་རིན་པོ་ཆེ་མཆོག་དང་དད་པ་དང་དམ་ཚིག་གཡོ་བ་མེད་པའི་སེར་སྐྱ་རྒན་བྱིས་ཚང་མར་ཁྲིག་སེ་རིན་པོ་ཆེ་མཆོག་གིས་ལོ་ཤས་གོང་ནས་དབྱར་ཆོས་ཆེན་མོ་ཚོགས་ཏེ་ཐེངས་ལྔ་པའི་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོར་དུས་ཐུང་རིང་བཅར་རྒྱུ་བྱུང་བ་དང་། ཁྲིག་སེ་རིན་པོ་ཆེ་མཆོག་གིས་དབུ་མཛད་པའི་དབྱར་ཆོས་ཆེན་མོ་ལོ་བསྟུད་ནས་དེ་ལྟར་ཚོགས་རྒྱུར་གྲ་སྒྲིག་གནང་མཁན་ཡོངས་ལ་རྗེས་སུ་ཡི་རངས་ཡོད་པའི་བཀའ་ཕེབས་པ་དང་འབྲེལ་ཐུགས་རྗེ་ཆེ་ཞུས་པ་དང་།

གཞན་ཡང་། དབྱར་ཆོས་ཆེན་མོ་འཚོགས་རྒྱུའི་མིང་དེར་ཆོས་ཞེས་པའི་སྐད་ཆ་ཞིག་ཡོད་ནའང་། དངོས་སུ་ཤེས་ཡོན་ཡར་རྒྱས་གཏང་རྒྱུའི་འདུས་ཚོགས་ཡིན་པ་ལྟ་བུ་འདུག གོང་དུ་ཁ་ཆེའི་མཁས་དབང་གིས་མ་འོངས་པར་དབྱར་ཆོས་ཆེན་མོའི་སར་ཁ་ཆེའི་ཆོས་བརྒྱུད་འཛིན་པ་ཚོ་མཉམ་ཞུགས་བྱ་རྒྱུ་གསུང་སོང་། ཧ་ཅང་ཡག་པོ་རེད། ཧ་ཅང་གལ་ཆེན་པོ་རེད། 

སྔར་རྒྱ་གར་ནས་བོད་ལ་དཔེར་ན་པཎྜི་ཏ་ཟེར་གྱི་འདུག དེ་གནས་ལྔ་རིག་པ་ཞེས་ཕལ་ཆེར་གནས་ལྔ་ཟེར་རྒྱུ་འདི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ཡིན། གཙོ་བོ་རིག་གནས་ཆེ་བ་ལྔ་དེ་དག་རེད། རིག་གནས་ཆེ་བ་ལྔའི་ནང་སྒྲ་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་ཞེས་པའི་ནང་ནས་སྒྲ་དང་ཚད་མ་རིག་པ་ནི་ཤེས་ཡོན་རང་གི་སྐད་ཆ་རེད། གསོ་བ་རིག་པ་ནི་སྨན་བཅོས་ཐོག་ནས་ལུས་བདེ་པོ་ཡོང་རྒྱུ།   ནང་དོན་རིག་པ་ནི་སེམས་ལ་ཞི་བདེ་བསྐྲུན་རྒྱུ་རེད། དེར་བརྟེན་ལུས་སེམས་གཉིས་ཀྱི་ཐོག་བརྟག་དཔྱད་བྱེད་རྒྱུའམ། གང་ལྟར་ལུས་སེམས་གཉིས་ཀྱི་ཐོག་ལ་ཕན་པ་བསྒྲུབ་རྒྱུ་དང་། སྒྲ་རིག་པ་ནི་སྔོན་མ་ཡིན་ན་ལེགས་སྦྱར་སྐད་གཙོ་བོ་རེད། དེང་སྐབས་ཡིན་ན། རང་གི་སྐད་དེ་རྩི་ཆོག་གི་རེད། དེ་དག་ཤེས་ཡོན་རང་རེད་འདུག

རིག་གནས་ཆེ་བ་ལྔའི་ནང་ནས་ནང་དོན་རིག་པ་ནི། སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་པ་ཡིན་ན། གཙོ་བོ་སངས་རྒྱས་པའི་ཆོས་ལ་གོ་རྒྱུ་ཞིག་རེད། སྤྱིར་འཛམ་གླིང་འདིའི་སྟེང་འགྲོ་བ་མིའི་ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་ལྟ་བ་ཡིན་ན། ནང་དོན་རིག་པ་ཟེར་དུས་གཙོ་བོ་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སེམས་ལ་ཞི་བདེ་བསྐྲུན་རྒྱུ། ཆོས་དང་མ་འབྲེལ་བའི་སྤྱོད་བཟང་Secular Ethics ཞེས་པ་ནི་རིག་གནས་ཆེ་བ་ལྔའི་ནང་ནས་ནང་དོན་རིག་པ་དང་འབྲེལ་ཡོང་གི་འདུག དེར་བརྟེན་ཆོས་ལུགས་ཀྱི་དབྱེ་བ་མེད་པར་རིག་གནས་ཀྱི་སྐོར་དེ་དག་བགྲོ་གླེང་གོ་བསྡུར་བྱེད་རྒྱུར་ཧ་ཅང་ཕན་ཐོགས་ཡོང་གི་ཡོད་པ་མ་ཟད། གལ་ཆེན་པོ་རེད། ཁ་ཆེའི་མཁས་དབང་གིས་རེ་འདུན་བཏོན་པར་ངོས་རང་ཧ་ཅང་དགའ་པོ་བྱུང་།   ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།