བོད་བརྒྱུད་ནང་བསྟན་དང་རུ་སུའི་ཚན་རིག་པའི་དབར་བགྲོ་གླེང་།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་  ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཏཱཇ་གསོལ་མགྲོན་ཁང་དུ་བོད་བརྒྱུད་ནང་བསྟན་དང་རུ་སུའི་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་ཐེངས་དང་པོ་སྐོང་འཚོགས་ཀྱི་ཉིན་གསུམ་པའི་ཚོགས་མགོན་དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ལྷན་ཚོགས་ལ་དབུ་བཞུགས་མཛད་ཡོད་པ་རེད། 

དེ་ཡང་ཚོགས་མགོན་དུ་དབུ་བཞུགས་མ་མཛད་གོང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་འགྲེམས་སྟོན་ཚན་པས་གོ་སྒྲིག་བྱས་པའི་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་རྗེས་དྲན་འགྲེམས་སྟོན་ལ་གཟིགས་ཞིབ་མཛད་པ་དང་། དེ་ནས་བགྲོ་གླེང་ལྷན་ཚོགས་ཐོག་༸ཞབས་སོར་འཁོད་དེ་བཀའ་སློབ་སྩལ་དོན།   དེང་སྐབས་འཛམ་གླིང་ནང་མི་ཕན་ཚུན་གསོད་རེས་བྱེད་བཞིན་པའི་གནས་སྟངས་འདི་འཆར་ཅན་གྱི་གནས་སྟངས་ལྟ་བུ་ཞིག་ཆགས་པ་ནི་ཧ་ཅང་བློ་ཕམ་གྱི་ཡོང་གནས་ཤིག་ཡིན།  ཕྱོགས་གཞན་ཞིག་ནི་འབྱོར་ལྡན་རྣམས་ཀྱིས་སོས་དལ་ངང་མིཚེ་རྒྱས་སྤྲོས་ཀྱི་འཚོ་བར་རོལ་བཞིན་ཡོད་ཀྱང་། དབུལ་ཕོངས་རྣམས་ལྟོགས་ཤི་ཐེབས་ནས་ཧ་ཅང་དཀའ་སྡུག་མྱོང་བཞིན་ཡོད། 

ང་ཚོས་འགྲོ་བ་མིའི་རིགས་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།  དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཟིན།  ད་ཆ་ང་ཚོས་དུས་རབས་ ༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་དགོས།  དེར་བརྟེན་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ལྷག་པར་དུ་ང་ཚོས་གཞོན་སྐྱེས་ཚོར་འགྲོ་བ་མིའི་རིགས་ལ་གཅིག་མཚུངས་ཀྱི་འདུ་ཤེས་གཞི་ལ་བཞག་སྟེ། དེང་དུས་ཤེས་ཡོན་ལམ་སྲོལ་ནང་བྱམས་བརྩེ་སོགས་སྤྱོད་བཟང་གི་ཡོན་ཏན་གོང་མཐོར་གཏོང་ཐབས་བྱེད་དགོས།  དཔེར་ན་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པ་འདི་གཙོ་བོར་འཛིན་དགོས་པ་ལས་ཆོས་ལུགས་དང་རིགས་རུས་མི་འདྲ་བ།  དེ་བཞིན་ཤ་མདོག་སོགས་མི་འདྲ་བ་བཅས་ནི་རིམ་པ་གཉིས་པའི་གནས་སྟངས་ཡིན་སྟབས་ཕན་ཚུན་དབར་མི་མཐུན་པའི་གནས་སྟངས་ཆུང་ཙག་རིགས་ལ་དེ་ཙམ་གལ་གནད་ཆེ་བར་བལྟ་རྒྱུ་མེད། ཅེས་བཀའ་སློབ་སྩལ་བ་དང་། 

གཞན་ཡང་། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ Tuva  དང་བྷུར་ཡ་ཏི། Buryat ཁལ་མུག་ Kalmykia བཅས་ནང་པའི་རྒྱལ་ཁབ་དེ་དག་ནས་དེ་སྔ་ནང་པའི་མཁས་དབང་ཧ་ཅང་མང་པོ་ཐོན་ཡོད་པ་དང་། ཕྱིས་སུ་རུ་སུའི་ནང་དམར་ཤོག་ཤུགས་ཆེ་དར་སྲོལ་བྱུང་རྗེས་ཡུལ་གྲུ་དེ་དག་ནང་དུའང་ནང་ཆོས་ཕྲན་བུ་ཉམས་ཆག་ཕྱིན་ཡོད་སྐོར་སོགས་བཀའ་སློབ་སྩལ། 

དེ་རྗེས་རུ་སུའི་སེམས་ཁམས་རིག་པའི་མཁས་པ་སྐུ་ཞབས་ཀོན་སི་ཊན་ཊིན་ཝི་ཨ་ནོ་ཀིན་ Konstantin V. Anokhin  ལགས་ཀྱིས་ངོ་སྤྲོད་གསུང་བཤད་དུ་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་སྐྱེས་དངོས་དང་ཀླད་ཁམས་ཚན་རིག་པ།   དངོས་ཁམས་རིག་པའི་ཚན་རིག་པ།  སྐད་ཡིག་དང་ལྟ་གྲུབ་ཐོག་གི་མཁས་པ་རྣམས་ཀྱི་ངོ་སྤྲོད་སྙན་སྒྲོན་ཞུས་པ་མ་ཟད།  ཁོང་གིས་སེམས་དང་ཀླད་པའི་དབར་གྱི་འབྲེལ་བའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། 

དེ་ཡང་བོད་རྒྱུད་ནང་བསྟན་མཁས་པ་དང་རུ་སུའི་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་འདི་ནི་ཕྱི་ཟླ་ ༨ ཚེས་ ༥ ནས་འགོ་འཛུགས་ཀྱིས་ཉིན་ལྔའི་རིང་བགྲོ་གླེང་ལྷན་ཚོགས་གནང་རྒྱུ་ཡིན་པ་དང་།  རྒྱལ་ས་ལྡི་ལིར་ཚོགས་བཞིན་པའི་བོད་བརྒྱུད་ནང་བསྟན་དང་ཨུ་རུ་སུའི་ཚན་རིག་པའི་བགྲོ་གླེང་ལྷན་ཚོགས་འདི་ཐེངས་དང་པོ་ཡིན་པ་དང་།  སྐབས་དེར་དོན་གཉེར་བ་ཁྱོན་མི་གྲངས་ ༥༠ ཙམ་ཕེབས་འདུག་པ་བཅས།།