ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་གི་རྩ་བ་སྙིང་རྗེ་ཆེན་པོ་ལ་ཐུག་ཡོད།

ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་གི་རྩ་བ་སྙིང་རྗེ་ཆེན་པོ་ལ་ཐུག་ཡོད།

སྤྱིར་འཛམ་གླིང་འདིར་ཆོས་ཚུལ་གྲུབ་མཐའ་མང་པོ་ཞིག་དར་ཡོད་པ་ལས། ནང་པ་སངས་རྒྱས་པའི་ཆོས་ཚུལ་འདི་ནི་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཅིག་གི་སྔ་རོལ་ཏུ། ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་དར་ཞིང་།  ངོས་ཀྱིས་རྒྱུན་དུ་རྗོད་བཞིན་པ་ལྟར་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ཚུར་བསྡུ་ན། ལྟ་སྤྱོད་གཉིས་ཀྱི་ཁོངས་སུ་འདུ་ཞིང་། སྤྱོད་པ་འཚེ་བ་མེད་པ་ནི། རབ་ཡིན་ན་གཞན་ལ་ཕན་འདོགས་པ་དང་། གལ་ཏེ་མི་ཐུབ་ཀྱང་གཞན་ལ་གནོད་པ་མི་བྱེད་པ་དེ་འཚེ་བ་མེད་པའི་སྤྱོད་པའམ་བསླབ་བྱ་ཡིན། དེ་ཡང་འཚེ་བ་མེད་ཙམ་ལ་མི་ཟེར་བར་འཚེ་བ་བྱེད་པའི་རྐྱེན་ཚང་བཞིན་དུ་ཆེད་དུ་གཉེར་ནས་འཚེ་བ་སྡོམ་སྟེ་ལུས་ངག་གི་སྤྱོད་པ་ངན་པ་རྣམས་བསལ་བའམ་སྡོམ་པར་བྱེད་པ་ཡིན། དེས་ན་འཚེ་བ་མེད་པའི་སྤྱོད་པ་འབྱུང་མིན་བསམ་པ་ལ་རག་ལས་པས། སྙིང་རྗེ་དང་ཕན་སེམས་ཀྱི་བསམ་པ་ཡོད་ན་དེས་ཀུན་ནས་བསླངས་ཏེ་ལུས་ངག་གི་སྦྱོར་བ་རང་གི་ངང་གིས་འཚེ་བ་མེད་པར་འགྱུར་ལ། དེ་མིན་བརྣབ་སེམས་དང་གནོད་སེམས་འཆང་ནས་བསྡད་ན་ཕྱིའི་རྣམ་འགྱུར་འཇམ་པོ་དང་མཁས་པོ་ཇི་ལྟ་བུ་ཞིག་ཡོད་ཀྱང་དོན་གྱི་ཆ་ནས་གནོད་ཅིང་འཚེ་བའི་རང་བཞིན་ཅན་ལས་འབྱུང་རྒྱུ་གཞན་མེད། མདོར་ན།   བཅོམ་ལྡན་འདས་ཀྱི་ཆོས་ཚུལ་འཚེ་བ་མེད་པའི་སྤྱོད་པ་ཞེས་པ་མཐར་གཏུགས་ན་ཕན་སེམས་ལ་རག་ལས་ཤིང་དེའི་རྩ་བ་སྙིང་རྗེ་ཡིན་པས་ན་སངས་རྒྱས་ཀྱི་ཆོས་ཚུལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་གི་རྩ་བ་སྙིང་རྗེ་ཆེན་པོ་ལ་ཐུག་པ་ཡིན། 

འཚེ་བ་མི་བྱེད་པ་ནི་ཡ་རབས་པ་གཅིག་པུའི་དོན་མིན་པར་རྣམ་དཔྱོད་ཅན་གྱི་
བྱེད་སྟངས་ཤིག་ཡིན།

འཚེ་བ་མི་བྱེད་པའི་རྒྱུ་མཚན་ཡང་རང་གཞན་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་ཡིན་པ་དང་སྡུག་བསྔལ་འབྱུང་རྐྱེན་གཙོ་བོ་འཚེ་བ་ཡིན་པས་སྤང་དགོས། དེའི་ཚུལ་ནི་ཡ་རབས་པ་གཅིག་པུའི་དོན་མ་ཡིན་པར་རྣམ་དཔྱོད་ཅན་གྱི་བྱེད་སྟངས་ཤིག་ཡིན། གཞན་ལ་འཚེ་བ་བྱས་ན་འཕྲལ་སེལ་ཙམ་དུ་རང་ཉིད་ལ་ཚིམ་པ་ལྟ་བུ་ཞིག་འོང་སྲིད་ཀྱང་། ཕུགས་སུ་རང་ལ་གྱོང་རག་ངེས་ཡིན་པས་དེ་ལྟར་འདོད་མཁན་སུ་ཡང་མེད། འོན་ཀྱང་སྐབས་རེར་ང་ཚོས་ལྐུག་རྟགས་བསྟན་ཏེ་འཕྲལ་གྱི་ཁེ་ཕན་ཙམ་གྱི་ཆེད་དུ་ཕུགས་སུ་ཚེ་རབས་ནས་ཚེ་རབས་སུ་གྱོང་རག་པའི་ལས་བྱེད་ཀྱིན་ཡོད། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་ཤེས་པའི་མཁས་པ་ཞིག་ཡིན་ན།  ནམ་ཞག་རྒྱུན་དུ་གྱོང་འཁུར་མི་དགོས་པ་ཞིག་བྱེད་ཅིང་དེའི་ཐབས་སུ་ནམ་ཞག་གཏན་དུ་བསམ་པ་བཟང་པོ་བྱས་པས་ནམ་ཡང་གྱོང་རག་པར་མི་འགྱུར། གཞན་དུ་རང་ཉིད་སྤྱང་མདོག་དང་གྲུང་མདོག་གིས་རྟག་ཏུ་གཞན་ལ་བརྣབ་སེམས་གནོད་སེམས་བཅངས་ཏེ། ཕ་རོལ་པོར་གཅིག་ལན་གཉིས་ལན་འདེབས་ཀྱིན་བསྡད་ན་འཕྲལ་དུ་གྱོང་མ་རག་པ་ཙམ་འབྱུང་སྲིད་ཀྱང་། ཕུགས་རྒྱང་རིང་པོའི་ཆ་ནས་སྡུག་བསྔལ་གཅིག་མཇུག་གཉིས་མཐུད་དུ་ཉམས་སུ་མྱོང་དགོས་པར་འགྱུར་ངེས། བྱ་བ་གང་དང་གང་ཡིན་ནའང་དེ་སྒྲུབ་པའི་གནས་སྐབས་སུ་དེས་ཕ་རོལ་པོར་ཕན་པ་ཞིག་ཡིན་ན་བྱ་བ་བཟང་པོ་ཡིན་པས་དེའི་འབྲས་བུས་རང་ལ་བདེ་བ་འབྱུང་ལ། དེ་ལས་ལྡོག་སྟེ་བྱ་བ་གང་བསྒྲུབས་ཀྱང་དེས་ཕ་རོལ་པོར་མི་བདེ་བ་བྱེད་པར་འདུག་ན་དེ་ཉིད་བྱ་བ་ངན་པ་ཡིན་ཞིང་།    དེའི་རྐྱེན་པས་མ་འོངས་པར་རང་ལ་སྡུག་བསྔལ་བསྐྱེད་པར་འགྱུར། 

བྱ་བ་བཟང་ངན་བཀའ་ཁྲིམས་ཀྱིས་གཏན་ལ་ཕབ་པ་ཞིག་མིན།

བྱ་བ་བཟང་པོ་དང་ངན་པའམ་ཕན་པའི་བྱ་བ་དང་གནོད་པའི་བྱ་བ་དེ་བཀའ་ཁྲིམས་ལྟ་བུའི་སྒོ་ནས་བཟང་ངན་དུ་གཏན་ལ་ཕབ་པ་ཞིག་མིན་པར་ཕན་པའི་རང་བཞིན་ཅན་ཞིག་ཡིན་ན་བྱ་བ་བཟང་པོ་དང་། གནོད་པའི་རང་བཞིན་དུ་འདུག་ན་ངན་པ་ཡིན།  མདོར་ན།  རང་ཅག་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པས། སྡུག་བསྔལ་འབྱུང་བའི་རིགས་གང་ཡིན་པ་དེ་ངན་པར་བརྩི་བ་དང་། བདེ་བ་འབྱུང་བའི་གནས་ཚུལ་ཞིག་ཡིན་ན་བཟང་པོར་བརྩི་བ་ཡིན་ལ། འདོད་པའི་བདེ་སྐྱིད་དང་མི་འདོད་པའི་སྡུག་བསྔལ་ཟེར་བ་ཡང་གློ་བུར་དུ་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མིན་པར་རྒྱུ་རྐྱེན་ལས་བྱུང་ཞིང་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཅན་ཞིག་ཡིན་པས་ན་འཚེ་བ་སྤོང་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད། 

དེ་ལྟར་ན་སངས་རྒྱས་པའི་ཆོས་ཚུལ་གྱི་སྙིང་པོ་ནི། སྤྱོད་པ་འཚེ་བ་མེད་པ་དང་། ལྟ་བ་རྟེན་འབྱུང་གཉིས་ཡིན་པར་ངོས་ཀྱིས་རྟག་པར་རྗོད་བཞིན་པའི་རྒྱུ་མཚན་དེ་ཡིན། སངས་རྒྱས་པའི་ཆོས་ལ་ཡིད་ཆེས་དང་ཉམས་སུ་ལེན་མཁན་ཞིག་ཡིན་ན་དེ་དག་གི་ཚུལ་ཤེས་པའི་སྒོ་ནས་ལག་ལེན་དུ་འགེལ་དགོས། 

དེ་ལྟ་བུའི་ལྟ་སྤྱོད་ཀྱི་རྣམ་གཞག་དེ་ཤེས་པ་ལ་ཕྱི་དང་ནང་གི་ཆོས་འདི་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བསྒྲུབ་དགོས་ཤིང་། རྒྱུ་འབྲས་དངོས་པོའི་གཤིས་ལུགས་ཀྱི་འགྲོ་སྟངས་ཇི་མ་ཇི་བཞིན་གཏན་ལ་ཕབ་པའི་སྒོ་ནས་ཤེས་པར་བྱ་རྒྱུ་དང་། དེ་དང་མཐུན་པའི་སྒོ་ནས་སྡུག་བསྔལ་ཉུང་དུ་གཏོང་ཞིང་བདེ་བ་མང་དུ་འབྱུང་བའི་ཐབས་ཤེས་བྱེད་དགོས་པ་ལས། དངོས་པོ་ལ་མེད་པ་ཞིག་གསར་དུ་བསྒྲུབ་རྒྱུ་མེད་པས་དངོས་པོ་ལ་ཡོད་པའི་ཁ་ཕྱོགས་ཤེས་པར་བྱས་ཏེ། དངོས་པོ་ལ་ཡོད་པའི་བདེ་སྐྱིད་མང་དུ་གཏོང་བ་དང་། དངོས་པོ་ལ་ཡོད་པའི་སྡུག་བསྔལ་དེ་དངོས་པོའི་རྒྱུ་དང་རྐྱེན་གྱི་འདོར་ལེན་གྱི་སྒོ་ནས་ཉུང་དུ་འགྲོ་བའི་ཐབས་ཤེས་བྱེད་དགོས། 

དེ་ནི་ཕན་སེམས་མཐར་ཐུག་པ་སྟེ་འདི་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་ལ། སངས་རྒྱས་པའི་ཆོས་ཀྱི་སྙིང་པོའང་འདི་ཡིན། དེ་ལྟ་བུའི་ཕན་སེམས་དེ་ཡང་གྲངས་ངེས་ཅན་དང་། དུས་ཚོད་ངེས་པ་ཅན་ཙམ་མ་ཡིན་པར་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ནམ་མཁའ་ཇི་སྲིད་བར་གྱི་སེམས་ཅན་གྱི་སྡུག་བསྔལ་མཐའ་དག་ཞི་བ་དང་གཏན་དུ་བདེ་བ་ཞིག་ངས་བྱ་སྙམ་པ་སྟེ། རྨད་དུ་བྱུང་བའི་སྙིང་སྟོབས་ཅན་གྱི་བསམ་པ་བཟང་པོ་ཚད་མེད་པ་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་ཞིང་། སངས་རྒྱས་པའི་ཆོས་ཀྱི་སྙིང་པོའང་འདི་ཡིན་པས་སངས་རྒྱས་པའི་ཆོས་ཡོངས་སུ་རྫོགས་པ་རྣམས་ཕན་པའི་བསམ་པ་དེ་ཡི་སྔོན་འགྲོ་དང་། དེའི་རྗེས་ཀྱི་བསླབ་བྱའི་ཁོངས་སུ་འདུ་བ་ཡིན་ནོ། ། 

རང་ཉིད་འཚོ་ཞིང་གནས་པ་དེ་གོ་ཆོད་པ་ཞིག་དང་དོན་དང་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་
ན་དངོས་གནས་མཁས་པ་རེད།

མདོར་ན།   སངས་ཀྱིས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཐམས་ཅད་ཕན་པའི་བསམ་པ་བཟང་པོ་དེ་ཉིད་མ་སྐྱེས་པ་སྐྱེད་ཐབས་བྱེད་པ་དང་། སྐྱེས་པ་གོང་ནས་གོང་དུ་སྤེལ་ཐབས། དེ་ཡི་དགོས་པ་ཡོངས་སུ་རྫོགས་པར་བསྒྲུབ་པའི་ཁོངས་སུ་མ་འདུས་པའི་སངས་རྒྱས་ཀྱི་ཆོས་ཤིག་མེད། དེ་ལྟར་ཆོས་ཀྱི་སྙིང་པོ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ཡིན་པས་ང་ཚོ་རང་གཞན་རོགས་གསུམ་སུ་འདྲ་ཞིག་ལ་བལྟས་ནའང་། ཐམས་ཅད་རང་དང་རང་འདྲ་བར་སྡུག་བསྔལ་མི་འདོད་མཁན་དང་། བདེ་བ་འདོད་མཁན་ཡིན་པ་རྒྱུ་མཚན་ལ་དཔྱད་པ་བྱེད་མི་དགོས་པར་ལེགས་པར་བསམས་ན་ཤེས་ཐུབ།   སེམས་ཅན་སུ་འདྲ་ཞིག་ཡིན་ནའང་སྡུག་བསྔལ་བསལ་བའི་ཐོབ་ཐང་དང་། བདེ་བ་སྒྲུབ་པའི་ཐོབ་ཐང་ཡོད་པའང་སྒོ་ཀུན་ནས་མཚུངས། 

གཞན་ཡང་།   རང་དང་གཞན་གྱི་བདེ་སྡུག་ཚང་མ་ཕན་ཚུན་འབྲེལ་ནས་ཡོད་པས་ན། ཇི་ཙམ་གྱིས་རང་དང་རང་འདྲ་བ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཐམས་ཅད་ཀྱི་དོན་དུ་བསམ་བློ་གཏོང་ཐུབ་པ་དང་། དེ་དག་གི་དོན་དུ་སེམས་ཁུར་བླང་ཐུབ་པ་ཞིག་བྱུང་ན། ཕྱོགས་གཅིག་ནས་ཡ་རབས་ཀྱི་ལུགས་སྲོལ་ཡིན་ལ། དངོས་ཡོད་གནས་ཚུལ་ལའང་རང་ཉིད་སྲོག་འཚོ་གོ་ཆོད་པ་ཞིག་ཏུ་འགྱུར་ངེས་ཡིན། གང་ལྟར་ང་ཚོ་སྲོག་ལྡན་དུ་གྲུབ་ཚར་བ་ཡིན་པས། སྲོག་འདི་འཚོ་བའི་དགོས་པ་གཞན་ལ་ཕན་པའི་དོན་ཞིག་བྱེད་ཐུབ་ན་ཡང་དག་པ་ཡིན། དེ་མིན་འཚོ་ཞིང་གནས་པ་དེ་གཞན་ལ་གནོད་པའི་རང་བཞིན་དུ་གྱུར་ན་དངོས་གནས་ཐབས་སྐྱོ་པོ་རེད། རང་ཉིད་འཚོ་ཞིང་གནས་པ་དེ་གོ་ཆོད་པ་ཞིག་དང་དོན་དང་ལྡན་པ་ཞིག་ཏུ་བསྒྱུར་ཐུབ་ན་དངོས་གནས་མཁས་པ་དང་གོ་ཆོད་པ་རེད། 

རང་ཟེར་ནས་རྩ་ཆེན་པོ་དང་གཙིགས་ཆེན་པོར་བྱེད་རྒྱུ་ཞིག་ལྷག་མེད། གལ་སྲིད་གཙིགས་ཆེན་པོ་བྱེད་དགོས་ན་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་བརྩི་དགོས། དེས་ན་རང་ཟེར་ནས་ཧ་ཅང་སྣང་ཆེན་དང་འདང་ཆེན་བྱེད་རྒྱུ་མི་འདུག དེ་ལས་སོ་སོའི་ལུས་ངག་ཡིད་གསུམ་དགེ་རྩ་དང་བཅས་པ་གང་ཡོད་པ་རྣམས་གཞན་དོན་དུ་དམིགས། གཞན་དོན་དུ་བསྔོས། གཞན་གྱི་ཕན་བདེ་སྒྲུབ་པའི་ཆེད་དུ་བཀོལ་བ་ཞིག་བྱུང་ན། དངོས་གནས་རླབས་ཆེན་པོ་རེད། དཔེར་ན། ས་སོགས་འབྱུང་བ་བཞི་ནམ་མཁའ་དང་བཅས་པ་རྣམས་སེམས་ཅན་ཐུན་མོང་གི་བཀོལ་བྱ་ཡིན་པ་བཞིན་དུ། རང་གི་སྒོ་གསུམ་དགེ་རྩ་དང་བཅས་པ་རྣམས་གཞན་དོན་དུ་ཞེ་ཐག་པ་ནས་བསྔོ་བ་དང། གཞན་དོན་དུ་ཅི་འགྱུར་ཞིག་བྱེད་ཐུབ་ན་སྲོག་འཚོ་བའི་དགོས་དོན་འགྲུབ་པ་དང་། ཚོགས་ཀྱང་བདེ་བླག་ཏུ་རྫོགས་ཤིང་། སྡིག་སྒྲིབ་ཀྱང་བདེ་བླག་ཏུ་སྦྱོང་བ་ཞིག་འབྱུང་། 

མི་མང་པོའི་ཚབ་བྱེད་མཁན་དེར་གཞན་ལས་ནུས་པ་ཆེ་བ་ཡོད།

མི་མང་པོའི་ཚབ་བྱེད་མཁན་དེར་གཞན་ལས་ནུས་པ་ཆེ་བ་ཡོད། ཐ་ན་འཇིག་རྟེན་ཕལ་པའི་མི་གཅིག་ཡིན་ནའང་གཞན་ཕན་གྱི་བསམ་པ་རྒྱ་ཆེན་པོ་ཡོད་པ་དེའི་ཚོད་ཀྱིས་མི་དེར་ནུས་པ་ཆེ་བ་ཡོད། དཔེར་ན།   མི་མང་པོའི་ཚབ་བྱས་ཏེ་མིང་རྟགས་ཤིག་བརྒྱབ་ནའང་ནུས་པ་ཆེ་བ་ཡོད་པ་བཞིན་དུ། ང་ཚོར་གཞན་གྱིས་སྐུལ་མཁན་ཡོད་མེད་ལ་མ་ལྟོས་པར་རང་གི་རྣམ་དཔྱོད་ཀྱི་གྲོགས་དང་བཅས་པའི་སྒོ་ནས་གཞན་དོན་དང་དུ་བླང་། གཞན་དོན་ཁུར་དུ་འཁྱེར་ཏེ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་ཆེད་དུ་བློ་བསྐྱེད་ཅིང་རང་གི་སྒོ་གསུམ་གྱི་ནུས་པ་གང་ཡོད་འདོན་པར་སེམས་ཐག་ཅིག་བཅད་ན་དེའི་ཚོད་ཀྱིས་ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་རྫོགས་ཐུབ་པ་དང། སྡིག་སྒྲིབ་ཀྱང་མྱུར་དུ་སྦྱང་ཐུབ་པས་དམིགས་བསལ་གྱི་ནུས་པ་ཆེན་པོ་ཞིག་ཏན་ཏན་ཡོད། དེ་བཞིན་དུ་བསམ་པ་གཞན་དོན་བསམས་ཀྱང་རང་དོན་ཞར་ལ་འགྲུབ་པ་ཞིག་ཏན་ཏན་ཡིན། གང་ལྟར་དངོས་ཡོད་གནས་ཚུལ་ལ་གཞན་ལ་ཕན་བདེ་བསྒྲུབ་པའི་བསམ་བློ་འཁོར་ཙམ་ཉིད་ནས་རང་དོན་སེམས་པའི་བསམ་བློ་ཆུང་དུ་འགྲོ་བ་དང། དེ་ལ་བརྟེན་ནས་རང་སྟེང་གི་ཁ་ཆག་སྣ་རལ་སོགས་བཀྲ་མི་ཤིས་པའི་རིགས་རྣམས་དེ་ཙམ་གྱིས་མངོན་གསལ་དོད་པོ་དང་ཧ་ཅང་ནད་མི་ཁྱོག་པར་བརྩི་བ་དེ་ཙམ་མི་འབྱུང་སྟེ། བློའི་ཞེ་ཕུགས་སུ་ང་གཅིག་པུ་རྩ་ཆེ་ཤོས་ཡིན་པར་སེམས་ཤིང་། ང་ཡི་སྟེང་དུ་རྐྱེན་ཕྲན་བུ་ཙམ་ཡང་བཟོད་མི་ཐུབ་པར་ནམ་མཁར་མི་ཤོང་བ་ལྟ་བུའི་བློ་ཞིག་འཆར་གྱིན་འདུག་པ་དང་། གཞན་ལ་བསམ་བློ་ཞིག་བཏང་ན་རང་དོན་དང་འབྲེལ་བའི་དཀའ་ངལ་ཅི་ཙམ་ཆེན་པོ་ཡོད་ཀྱང་། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་བདེ་སྡུག་ལ་བལྟོས་ན། རང་གི་བདེ་སྡུག་དེ་བསམ་རིན་དང་བྱེད་རིན་མེད་པ་དང་སྣང་བརྩི་རིན་མེད་པར་མཐོང་བའི་ཚེ། སེམས་ནང་དུ་ཤུགས་མ་ཐུབ་ཀྱིས་མ་སྐྱིད་པ་དང་དངངས་སྐྲག་ཕལ་ཆེར་མི་ཡོང་བའི་ཁྱད་པར་ཆེན་པོ་ཡོད། དེས་ན་བསམ་བློའི་འགྲོ་ཕྱོགས་ཀྱི་རྐྱེན་པས་འགངས་ཆེ་ས་དང་རླབས་ཆེ་སར་བསམས་ན་ཆུང་ས་དེ་མངོན་གསལ་མེད་པར་འགྱུར་ལ། གཞན་དུ་འགངས་ཆེ་སར་བསམ་བློ་མ་འཁོར་བར་ཆུང་ས་ཞིག་གི་སྟེང་དུ་ཧ་ཅང་ནན་པོ་བྱེེད་ཀྱིན་བསྡད་ན་དེ་ག་བྱེད་ཐབས་བྲལ་བ་ལྟ་བུ་བློ་ངོར་ཤར་བ་ཞིག་འབྱུང་།

ཅི་ཙམ་གྱིས་གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་ཞིག་སྐྱེས་ན་
སྐྱིད་པའི་ཉི་མ་ཤར་བ་ཡིན།

གང་ལྟར་ཇི་ཙམ་གྱིས་གཞན་ཕན་གྱི་བློ་ཞིག་བསྐྱེད། གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་ཞིག་བསྐྱེད་ཐུབ་ཚེ་རང་དོན་ཞར་ལ་འགྲུབ། ཚོགས་ཀྱང་ཁོ་རང་གིས་གསོག། སྡིག་སྒྲིབ་ཀྱང་ཁོ་རང་གིས་སྦྱོང་བས་དངོས་གནས་ཕན་པའི་བསམ་པ་དེ་ལྟ་བུ་ཞིག་ནམ་ཞིག་སྐྱེ་ཐུབ་པ་བྱུང་ན། ཉི་མ་དེ་ནས་བཟུང་སྟེ་གཏན་དུ་སྐྱིད་པའི་སྐྱིད་འགོ་ཚུགས་པ་དང་། བཀྲ་ཤིས་པའི་ཉི་མ་བཟང་པོ་དེ་ཉིན་ནས་ཤར་བ་ཡིན། སྲིད་པ་འཁོར་བ་ལ་གནས་པའི་རིང་ཡིན་ནའང་དངོས་ཡོད་གནས་ཚུལ་ལ་ལས་ཉོན་གྱི་གཞན་དབང་ཅན་ཡིན་ཀྱང་བསམ་བློའི་འཁྱེར་སོ་ལ་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་གསུངས་པ་ལྟར་བདེ་སྐྱིད་ཀྱི་རྩ་བ་ཞིག་ཚུགས་ཐུབ་པ་ཏན་ཏན་རེད་འདུག 

དེ་ལྟ་བུའི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་སྒོ་ནས་སྲིད་པ་འཁོར་བ་ལ་གནས་དགོས་བྱུང་ནའང་འགྱོད་པ་མེད་པ་དང་། གོ་ཆོད་པའི་ཚོར་བ་ཞིག་བློ་ངོར་འཆར་ཐུབ་པ་འབྱུང་། འོན་ཀྱང་ད་ལྟའི་བར་དུ་ང་རང་ཚོའི་བསམ་རྒྱུར་རང་སྐྱིད་པ་ཞིག་དང་། རང་ལ་སྡུག་བསྔལ་མི་འབྱུང་བར་རྨི་ལམ་ཚུན་ཆད་དུ་དྲན་ཞིང་། འགྲོ་འཆག་ཉལ་འདུག་གང་གི་སྐབས་ཡིན་ཀྱང་ང་ང་ཞེས་བློའི་ཞེ་ཕུགས་སུ་ཧ་ཅང་རྩ་ཆེན་པོར་བརྩི་བ་དེ་ལྟར་ཡང་། བྱེད་སྟངས་ནོར་ཏེ་གཞན་ཡལ་བར་དོར། རང་གཅེས་པར་འཛིན་པའི་གཅེས་འཛིན་དེ་ཐུགས་དམ་གྱི་མཐིལ་ལྟ་བུར་བཟུང་ནས་བསྡད་པའི་ཉེར་ལེན་གྱིས་ཁ་སྟབས་འདི་ལྟ་བུར་གྱུར། བསམ་རྒྱུ་རང་དོན་ཡིན་ཀྱང་རང་དོན་ཕུགས་བཙན་པོ་ཞིག་མི་འབྱུང་བ་དེས་ལན་པ་ཡིན། དེས་ན་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཛད་པ་རྣམ་ཐར་ལ་ང་ཚོས་མིག་ལྟོས་བྱས་ཏེ་རང་ཡལ་བར་དོར་གཞན་གཅེས་པར་འཛིན་པའི་བདག་གཞན་མཉམ་བརྗེའི་ཉམས་ལེན་བྱེད་པ་ཞིག་བྱུང་ན་དངོས་གནས་བདེ་བར་འགྲོ་བ་སྟེ་རང་དོན་མཐར་ཕྱིན་པ་དང་། གཞན་དོན་མཐར་ཕྱིན་པ་ཞིག་འབྱུང་ཐུབ་པར་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ལག་ལེན་ངོ་མའི་ཐོག་ནས་མིག་དཔེ་བསྟན་ནས་ཡོད་པས། དེ་དག་གི་མཛད་པ་རྣམ་པར་ཐར་པ་ལ་ཁ་མིག་ཡར་ལྟ་བྱེད་ཅིང་དེ་དག་གི་རྗེས་སུ་བསླབ་པ་དང་རྗེས་སུ་ཞུགས་ཏེ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འཇུག་རྣལ་མ་ཞིག་བྱས་ན་ནམ་ཡང་བསླུ་བ་མེད།

 

(བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་༡༩༩༩  ཟླ་༣ ཚེས་༥ ནས་ ༩ བར་གྱི་དཔྱིད་ཆོས་དྭགས་པོ་ཐར་རྒྱན་གྱི་བཀའ་ཁྲིད་ལས་བཏུས།)