ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།

མདུན་ངོས། / ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།

༄༅། །ད་རེས་ངས་འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་རྒྱ་རིགས་སྤུན་ཟླ་སྤྱི་དང༌། བྱེ་བྲག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་རིགས་སྤུན་ཟླ་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་སྔོན་དུ་བཏང་སྟེ། ཉེ་ཆར་བོད་ནང་བྱུང་བའི་དོན་རྐྱེན་དང་འབྲེལ་བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་ལམ་ཐད་ངའི་བསམ་ཚུལ་ཇི་ཡོད་ཁྱེད་ཚོར་འགྲེལ་བརྗོད་དང་སྦྲགས། ང་རང་སྒེར་གྱི་ངོས་ནས་འབོད་བསྐུལ་ཁ་ཤས་བྱེད་རྒྱུ་ཡིན། ད་ལམ་བོད་ཀྱི་ས་ཁུལ་གང་སར་ཡིད་སྐྱོའི་བྱུང་རྐྱེན་འདིའི་ནང་མི་མང་པོའི་ལུས་སྲོག་ཤོར་བར་བློ་ཕམ་ཆེན་པོ་བྱུང༌། དེའི་ནང་རྒྱ་རིགས་འགའ་ཤས་ཀྱང་ཤི་སྐྱོན་བྱུང་བ་ཤེས་རྟོགས་བྱུང༌། ངས་གནོད་འཚེ་ཕོག་པའི་མི་རྣམས་དང་ཁོང་ཚོའི་ནང་མི་བཅས་ལ་སེམས་གསོ་བྱེད་རྒྱུ་མ་ཟད་འཕྲལ་ཡུན་དགེ་བའི་སྨོན་ལམ་ཟབ་ནན་བྱས་ཡོད། ད་རེས་བྱུང་བའི་གནས་ཚུལ་འདིས་བོད་ཀྱི་གནད་དོན་དེ་ཇི་ཙམ་ཛ་དྲག་ཡིན་མིན་དང༌། གང་མྱུར་གྲོས་མོལ་གྱི་ལམ་ནས་འགྲིག་ཆགས་ཡོང་ཐབས་བྱེད་དགོས་པ་ཧ་ཅང་གསལ་པོ་བཟོས་ཡོད། ཛ་དྲག་དང་ཐབས་སྡུག་གི་གནས་ཚུལ་འདི་འདྲའི་སྐབས་སུའང་ངོས་ནས་རྒྱ་ནག་གི་དབུ་ཁྲིད་རྣམ་པར་ཞི་བདེ་དང་བརྟན་ལྷིང་ཡོང་བར་མཉམ་རུབ་བྱེད་རྒྱུའི་འདོད་མོས་ཡོད་པ་གསལ་བརྗོད་བྱས་ཡོད། ང་ལ་བོད་ཁ་བྲལ་གཏོང་རྒྱུའམ། ཡང་ན་བོད་རིགས་དང་རྒྱ་རིགས་དབར་མ་འགྲིག་པ་བཟོ་རྒྱུའི་འདོད་པ་གང་ཡང་མེད་ཅེས་ངས་རྒྱ་རིགས་སྤུན་ཟླ་ཚོར་འགན་ལེན་བྱེད་ཀྱི་ཡིན། དེ་ལས་ལྡོག་སྟེ་ངས་རྒྱུན་དུ་བོད་རྒྱ་མི་རིགས་གཉིས་ཀར་ཕུགས་རྒྱང་རིང་པོའི་ཁེ་ཕན་ལྡན་པའི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད། ངས་ལན་མང་བསྐྱར་ལྡབ་ཞུས་ཟིན་པ་ལྟར་ངའི་སེམས་འཚབ་བྱེད་སའི་གཞི་རྩ་གཙོ་བོ་ནི་བོད་མི་རིགས་ཀྱི་ཐུན་མིན་རིག་གཞུང་དང༌། སྐད་ཡིག ངོ་བོ་རྣམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ཉིན་ལྟར་ནང་པའི་འདུལ་ཁྲིམས་གཞིར་བཟུང་མི་ཚེ་སྐྱེལ་མཁན་གྱི་དགེ་སློང་དཀྱུས་མ་ཞིག་ཡིན་པའི་ཆ་ནས་ངས་ཁྱེད་ཚོར་ངའི་ཀུན་སློང་ཁ་ཞེ་གཉིས་མེད་ཡིན་པའི་འགན་ལེན་བྱེད་ཀྱི་ཡོད། ངས་རྒྱ་ནག་གི་དབུ་ཁྲིད་རྣམ་པར་ངའི་ལངས་ཕྱོགས་ངོས་འཛིན་གསལ་པོ་གནང་ཐུབ་པ་དང༌། དངོས་ཐོག་བདེན་འཚོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་ཡོང་བའི་འབོད་བསྐུལ་ཞུས་ཡོད། རྣམ་དཔྱོད་བེད་སྤྱད་ནས་བོད་མི་ཚོ་དང་མཉམ་དོན་སྙིང་ལྡན་པའི་གྲོས་མོལ་འགོ་ཚུགས་ཐུབ་པའི་རེ་བསྐུལ་བྱེད་ཀྱི་ཡོད། དེ་མཚུངས་རྒྱ་ནག་ནང་བརྟན་ལྷིང་དང་འཆམ་མཐུན་ཡོང་བར་མཐུན་འགྱུར་གྱིས་མི་རིགས་ཕན་ཚུན་དབར་འགལ་ཟླ་བཟོ་བའི་རིགས་སྤང་དགོས། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་ནང་བྱུང་བའི་གནས་ཚུལ་རྣམས་ལ་རྫུན་སྒྲིག་འཁྱོག་བཤད་ཆེན་པོས་བརྒྱུད་བསྒྲགས་བྱེད་སྟངས་འདིས་མ་འོངས་ཕུགས་རྒྱང་རིང་པོའི་བར་ཚོད་དཔག་དཀའ་བའི་མཇུག་འབྲས་སྟེར་བའི་མི་རིགས་ཕན་ཚུན་མི་མཐུན་པ་བཟོ་རྒྱུའི་ས་བོན་ངན་པ་བཏབ་སྲིད་པ་འདིར་ངོས་རང་སེམས་འཚབ་ཧ་ཅང་ཆེན་པོ་ཡོང་གི་འདུག དེ་མཚུངས་ངའི་ངོས་ནས་པེ་ཅིང་དུ་ཨོ་ལམ་པིཀ་ཚོགས་རྒྱུར་རྒྱབ་སྐྱོར་མུ་མཐུད་བྱེད་བཞིན་པར་ལྟོས་མེད་ཀྱིས་ང་དང་རྒྱ་རིགས་ཚོའི་དབར་འགལ་ཟླ་བཟོ་ཆེད་རྒྱ་ནག་གི་འགོ་ཁྲིད་ཚོས་ངས་ཨོ་ལམ་པིཀ་རྩེད་འགྲན་ལ་གཏོར་རྒོལ་བྱེད་ཚུལ་བཤད་ཀྱི་ཡོད།

 འོན་ཀྱང་རྒྱ་རིགས་མཁྱེན་ལྡན་མི་སྣ་དང༌། མཁས་པ་མང་པོས་རྒྱ་ནག་གི་འགོ་ཁྲིད་ཚོའི་གནང་ཕྱོགས་ཁག་དང༌། མ་འོངས་པར་མི་རིགས་ཕན་ཚུན་དབར་གྱི་འབྲེལ་ལམ་ཐད་ལྡོག་ཕྱོགས་ཀྱི་ཕུགས་རྒྱང་རིང་པོའི་མཇུག་འབྲས་ངན་པ་བཟོ་ཉེན་ཡོད། བོད་རྒྱ་མི་རིགས་གཉིས་གནའ་སྔ་མོ་ནས་ཁྱིམ་མཚེས་སུ་གནས་ཏེ། ལོ་སྟོང་ཕྲག་གཉིས་ཙམ་གྱི་ལོ་རྒྱུས་ནང་སྐབས་རེ་གཉེན་སྒྲིག་སོགས་བཟང་ཕྱོགས་ཀྱི་འབྲེལ་བ་དང༌། སྐབས་རེ་དམག་རྒྱག་རེས་བྱས་པའང་བྱུང་ཡོད་ཀྱང༌། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་བོད་དུ་མ་དར་སྔོན་རྒྱ་ནག་ཏུ་དར་བ་ལ་བརྟེན་ནས་བོད་རིགས་རྣམས་ཀྱིས་རྒྱ་རིགས་ལ་དགེ་ཕྲུག་རྒན་པའི་འདུ་ཤེས་ཀྱིས་གུས་བརྩི་བྱེད་ཀྱི་ཡོད་ཅིང༌། དེ་ནི་རྒྱ་ནག་གི་ཕྱི་ལ་ཡོད་པའི་རྒྱ་རིགས་ངོས་དང་ཆོས་འབྲེལ་ཞུ་མཁན་རྣམས་དང༌། དེ་བཞིན་རྒྱལ་ནང་ནས་རྒྱ་རིགས་གནས་མཇལ་ཡོང་མཁན་ངོ་ཐུག་བྱེད་རྒྱུའི་གོ་སྐབས་བྱུང་བ་ཚོས་ཤེས་ཀྱི་ཡོད། འདི་དག་ལས་ངོས་རང་སྙིང་སྟོབས་འཕེལ་ཞིང་འབྱུང་འགྱུར་མི་རིགས་ཕན་ཚུན་དབར་གོ་རྟོགས་ཟབ་པོ་སྤེལ་བར་ཕན་ཐོགས་ཡོད་པར་བསམ་གྱི་ཡོད། དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཁྱོན་ཡོངས་ལ་འཕོ་འགྱུར་སྣ་ཚོགས་བྱུང་བ་ལྟར་བོད་ཀྱང་འགྱུར་བའི་རླབས་ཤུགས་དེའི་ནང་ཚུད་དེ། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་འཕྲལ་མི་དམངས་བཅིང་འགྲོལ་དམག་བོད་ནང་འཛུལ་ཞུགས་ཀྱིས་མཐར་ཕྱི་ལོ་ ༡༩༥༡ ཟླ་ ༥ པའི་ནང་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་རེད། ཕྱི་ལོ་ ༡༩༥༤།༥༥ ནང་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དུ་བསྐྱོད་དེ་ངོས་རང་པེ་ཅིང་དུ་ཡོད་སྐབས་མའོ་ཀྲུའུ་ཞིས་དབུས་སྐབས་དེའི་རྒྱ་ནག་གི་དབུ་ཁྲིད་ཕལ་ཆེ་བ་ངོ་ཤེས་གྲོགས་པོ་བྱེད་རྒྱུའི་གོ་སྐབས་བྱུང༌། ལྷག་པར་དུ་མའོ་ཀྲུའུ་ཞིས་གནད་དོན་མང་པོའི་ཐོག་བཀའ་སློབ་དང༌། བོད་ཀྱི་མ་འོངས་པའི་ཐད་ཁོང་སྒེར་ནས་ཞལ་བཞེས་ཀྱང་མང་པོ་གནང་བྱུང༌། ཞལ་བཞེས་དེ་དག་གིས་སྙིང་སྟོབས་འཕེལ་བ་དང༌། སྐབས་དེའི་རྒྱ་ནག་གི་གསར་བརྗེའི་དབུ་ཁྲིད་མང་ཆེ་བའི་ཆོད་སེམས་ཀྱིས་སེམས་བསྐུལ་ཐེབས་པའི་དབང་གིས་ཡིད་ཆེས་དང་རེ་བའི་ངང་བོད་ལ་ཕྱིར་ལོག་པ་ཡིན། བོད་རིགས་དམར་ཤོག་ཚོགས་མི་འགའ་ཤས་ནས་ཀྱང་དེ་མཚུངས་རེ་བ་བྱས་ཡོད། ངོས་རང་ལྷ་སར་ཕྱིར་འཁོར་ནས་བཟུང་ཐབས་ཤེས་ཡོད་རྒུས་གངས་ལྗོངས་བོད་ཀྱི་ཡུལ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ས་གནས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱས་པ་ཡིན། དེ་ནི་བོད་རྒྱ་མི་རིགས་གཉིས་ཀའི་མ་འོངས་ཕུགས་རྒྱང་རིང་པོའི་ཁེ་ཕན་སྒྲུབ་ཐབས་བཟང་ཤོས་ཡིན་པ་ཡིད་ཆེས་བྱས་པའི་དབང་གིས་ཡིན། འོན་ཀྱང་བློ་ཕམ་པར་ཕྱི་ལོ་ ༡༩༥༦ ཙམ་ནས་དུས་ཟིང་འགོ་ཚུགས་ཏེ་མཐར་ ༡༩༥༩ ཟླ་ ༣ ཚེས་༡༠ ཉིན་ལྷ་སར་ཞི་བའི་གྱེན་ལངས་དང༌། ངོས་རང་བཙན་བྱོལ་ལ་ཡོང་དགོས་བྱུང༌། དེ་རྗེས་པཎ་ཆེན་སྐུ་གོང་མས་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡ པོའི་ནང་ཇི་ལྟར་གསུངས་པ་བཞིན་བོད་ནང་བཟང་ཕྱོགས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་མང་པོ་བྱུང་ཡོད་མོད། གཏོར་བརླག་སྡུག་སྦྱོང་དེ་བས་ཚབས་ཆེ་བ་བྱུང་སྟེ་གཞི་རྩའི་ཆ་ནས་བོད་མི་འཇིགས་སྣང་ངང་གནས་རྒྱུ་དང༌། རྒྱ་གཞུང་དྭོགས་ཟོན་ངང་གནས་དགོས་བྱུང་ཡོད། དེ་ལྟར་ནའང་སྐབས་དེར་ཡ་ང་སྙིང་རྗེ་མེད་པར་བོད་རིགས་ལ་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་དབང་འཛིན་པ་རྣམས་ལའང་དགྲ་བོའི་འདུ་ཤེས་མེད་པར་མཐར་ཐུག་མཛའ་གྲོགས་སུ་འགྱུར་བའི་སྨོན་ལམ་ཕྱི་ལོ་ ༡༩༦༠ ལོར་བརྩམས་པའི་བདེན་གསོལ་སྨོན་ཚིག་ཏུ། " མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག། ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར།། " ཞེས་བཀོད་དེ་སློབ་གྲའི་སློབ་ཕྲུག་གཙོས་བོད་རིགས་ཡོངས་ཀྱིས་ཉིན་ལྟར་སྨོན་ལམ་བཏབ་ཀྱི་ཡོད། ཕྱི་ལོ་ ༡༩༧༤ ལོར་ངས་བཀའ་ཤག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་སོགས་དང་མཉམ་བསམ་ཞིབ་གྲོས་བསྡུར་གཏིང་ཟབ་བྱས་རྗེས་བོད་རྒྱ་མི་རིགས་གཉིས་མཉམ་དུ་ཞི་བདེ་འཕེལ་རྒྱས་དང༌། ཁ་བྲལ་མ་དགོས་པའི་ལམ་ཞིག་བཙལ་རྒྱུའི་ཐག་གཅོད་བྱས་པ་ཡིན། སྐབས་དེར་རྒྱ་ནག་ནང་རིག་གནས་གསར་བརྗེའི་དུས་ཟིང་ཆེ་བའི་སྒང་རེད། དེའི་ཚེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་ང་ཚོ་འབྲེལ་ལམ་མེད་མོད་ཀྱང༌། སྔ་ཕྱི་མ་གཏོགས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པའི་ཡིད་ཆེས་བྱས་ཡོད། གལ་སྲིད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱེད་ན་མ་མཐར་ཡང་དཔལ་འབྱོར་ཡར་རྒྱས་དང༌། དེང་རབས་འཛུགས་སྐྲུན་གྱི་ཐད་ཁེ་ཕན་ཆེན་པོ་ཡོང་རྒྱུ་ཡིན་པ་ཡང་ངོས་འཛིན་བྱས་ཡོད། གང་ཡིན་ཟེར་ན་བོད་ལ་ལོ་རྒྱུས་རིང་པོའི་རིག་གཞུང་ཕྱུག་པོ་ཡོད་རུང་ཕྱི་དངོས་པོའི་ཡར་རྒྱས་ཕྱིན་མེད། འཛམ་གླིང་སའི་ཡང་ཐོག་ཏུ་གནས་པའི་བོད་ནི་ཨེ་ཤི་ཡའི་ནང་གི་རྒྱུགས་ཆུ་ཆེ་ཁག་གི་འབྱུང་ཁུངས་ཡིན་སྟབས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་འགངས་ཅན་ཞིག་ཡིན། ང་ཚོའི་སེམས་འཚབ་ཆེ་ཤོས་བྱམས་བརྩེའི་རྩ་བ་ཅན་གྱི་བོད་བརྒྱུད་ནང་བསྟན་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་དང༌། དེ་བཞིན་བོད་ཀྱི་སྐད་ཡིག་དང་བོད་མིའི་ཐུན་མིན་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་བཅས་ཡིན་སྟབས། ང་ཚོས་ལྷག་བསམ་རྣམ་དག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་འཐོབ་ཐབས་བྱས་པ་ཡིན། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རིགས་ལྟ་བུའི་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་པ་གསལ་ཡོད། ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་ངའི་ངོ་ཚབ་ལ་བོད་རང་བཙན་གྱི་གནད་དོན་མ་གཏོགས་གཞན་དག་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་གསུངས་ཡོད། ང་ཚོས་དེ་སྔ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་ཀྱི་གནད་དོན་འགྲིག་ཆགས་ཡོང་ཐབས་བྱེད་རྒྱུའི་སྲིད་བྱུས་གཏན་འཁེལ་ཟིན་སྟབས་གོ་སྐབས་གསར་པ་འདི་དམ་འཛིན་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་མུས་རེད། ངའི་ངོ་ཚབ་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་ཚོ་དང་འབྲེལ་ལམ་ཐེངས་མང་བྱས་ཡོད། ཕྱི་ལོ་ ༢༠༠༢ ལོར་འབྲེལ་ལམ་བསྐྱར་མཐུད་རྗེས་འབྲེལ་མོལ་ཐེངས་དྲུག་བྱས་ཡོད་རུང་ད་བར་རྩ་དོན་ཐོག་དོན་འབྲས་སོན་པ་གང་ཡང་མ་བྱུང༌། འོན་ཀྱང་ངའི་ངོས་ནས་ལན་མང་གསལ་བསྒྲགས་བྱས་ཟིན་པ་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་ཅིང༌། འབྲེལ་མོལ་མུ་མཐུད་བྱ་འདོད་ཡོད་པ་བསྐྱར་ནན་གྱིས་བརྗོད་རྒྱུ་ཡིན། འདི་ལོ་པེ་ཅིང་དུ་ཨོ་ལམ་པིཀ་རྩེད་འགྲན་ཚོགས་རྒྱུར་རྒྱ་རིགས་མི་མང་ཚོས་དགའ་སྤོབས་ཆེན་པོའི་ཐོག་ངང་སྒུག་བྱེད་བཞིན་པ་རེད། ངས་ཐོག་མ་ཉིད་ནས་པེ་ཅིང་ལ་ཨོ་ལམ་པིཀ་མགྲོན་བདག་བྱ་རྒྱུའི་གོ་སྐབས་སྤྲོད་དགོས་པའི་རྒྱབ་གཉེར་བྱས་པ་ཡིན། ད་ལྟའང་དེའི་སྐོར་ངོས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་དང༌། ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད་པ་ཞིག་རེད། དེང་སྐབས་དཔལ་འབྱོར་ཡར་རྒྱས་ཆེ་བའི་དབང་གིས་སྟོབས་ཆེན་གྱི་ངོ་བོར་འཐོན་བཞིན་པ་ནི་དགའ་བསུ་བྱ་འོས་ཤིག་རེད། འོན་ཀྱང་དེ་དང་ཆབས་ཅིག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གུས་ཞབས་དང་བརྩི་མཐོང་འཐོབ་ཆེད་ཕྱི་གསལ་ནང་གསལ་དང༌། རང་དབང༌།  ཁྲིམས་ཀྱི་དབང་སྒྱུར་བཅས་ཀྱི་ལྟ་གྲུབ་ལ་བརྟེན་པའི་གུ་ཡངས་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ངེས་རེད། དཔེར་ན་ད་བར་རྒྱ་རིགས་མང་པོའི་མི་ཚེ་ལ་དོ་ཕོག་བྱུང་བའི་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་ནང་གནོད་འཚེ་ཕོག་པའི་མི་རྣམས་ལ་གུན་གསབ་བམ། གཞུང་འབྲེལ་གྱི་ཡ་ལན་གང་ཡང་མ་བྱུང་བ་དང༌། དེ་བཞིན་དུ་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་རུལ་སུངས་བཤུ་གཞོག་ཅན་གྱི་ས་གནས་ལས་བྱེད་པ་ཚོའི་འོག་དྲང་བདེན་མ་བྱུང་བའི་མི་མང་དཀྱུས་མ་སྟོང་ཕྲག་མང་པོས་ཁྲིམས་མཐུན་གྱིས་བདེ་སྡུག་ཞུས་པ་རྣམས་ལ་དོ་སྣང་མ་བྱས་པའམ། ཡང་ན་གཉའ་གནོན་བྱས་ཏེ་བཞག་གི་ཡོད། ངས་སེམས་ཚོར་འདི་དག་འགྲོ་བ་མི་ཞིག་ཡིན་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་རྒྱུའི་འདོད་པ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་བཤད་ཀྱི་ཡོད། འདིའི་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་མཆོག་གིས་བཏོན་གནང་མཛད་པའི་འཆམ་མཐུན་གྱི་སྲིད་བྱུས་ལ་ངོས་རང་དགའ་མོས་དང་རྒྱབ་སྐྱོར་ཡོད། འོན་ཀྱང་འཆམ་མཐུན་གྱི་སྤྱི་ཚོགས་ནི་སྨྲ་བརྗོད་ཀྱི་རང་དབང་དང་ཁྲིམས་ཀྱི་དབང་སྒྱུར་གྱིས་གཙོས་ཕན་ཚུན་ཡིད་ཆེས་དང་རང་དབང་གི་ཁོར་ཡུག་ལ་བརྟེན་ནས་ཡོང་དགོས་པ་ཡིན། གལ་སྲིད་འདི་དག་ལག་བསྟར་བྱེད་ན་བོད་དང༌། ཤར་ཏུར་ཀི་སི་ཐན། ནང་སོག་གིས་མཚོན་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དཀའ་ངལ་གནད་ཆེ་མང་པོ་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ནང་སོག་ནང་ད་ལྟའི་ཆར་བསྡོམས་མི་འབོར་ས་ཡ་ཉི་ཤུ་རྩ་བཞི་ནས་སོག་རིགས་བརྒྱ་ཆ་ ༢༠ ལས་མེད། ངའི་རེ་བར་ཉེ་ཆར་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་ཅེས་པའི་གཏམ་བཤད་དེ་ཚོ་ཐོས་སྐབས་ད་ཆ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་དུས་རབས་གསར་པ་ཞིག་ཤར་རྒྱུའི་རེ་བ་ཆེན་པོ་བྱུང༌། འོན་ཀྱང་ཧ་ཅང་བློ་ཕམ་པ་ཞིག་ལ་ངས་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་ཁ་བྲལ་མི་འགྲོ་བའི་འབད་རྩོལ་ཇི་ཙམ་བྱས་རུང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་གཙོ་རྣམ་པས་ང་ལ་ཁ་བྲལ་བ་ཡིན་པའི་སྐྱོན་བརྗོད་མུ་མཐུད་བྱེད་བཞིན་པའི་ཐོག  ལྷག་པར་འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་ལྷ་ས་ནས་འགོ་ཚུགས་ཏེ་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་གང་སར་བོད་མི་ཚོས་དུས་ཡུན་རིང་པོའི་ཞེ་འཁོན་རྣམས་ཕྱི་ལ་བཏོན་ཆེད་རང་འགུལ་གྱིས་གྱེན་ལངས་བྱེད་སྐབས་དེ་མ་ཐག་རྒྱ་ནག་གི་འགོ་ཁྲིད་ཚོས་ལས་འགུལ་འདི་དག་ངས་བརྒྱུད་བསྐུལ་བྱེད་པ་ཡིན་ཚུལ་སྐྱོན་འཛུགས་བྱས་སོང༌།     དེ་སྐབས་གནད་དོན་འདི་དག་ཆ་འཛིན་འཕེར་བའི་སྒྲིག་འཛུགས་གང་རུང་གིས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་འབོད་བསྐུལ་ཞུས་པ་ཡིན།    ས་ཕྱོགས་གང་དུ་ཡོད་མིན་ལ་མ་ལྟོས་པར་རྒྱ་རིགས་སྤུན་ཟླ་ཚོར་སེམས་ཚོར་དྲག་པོའི་སྒོ་ནས་ང་ཚོ་མི་རིགས་གཉིས་དབར་གྱི་རྣམ་རྟོག་ངན་པ་རྣམས་སེལ་ཆེད་མཐུན་འགྱུར་དང༌། ལྷག་དོན་བོད་ཀྱི་དཀའ་ངལ་འདི་བཞིན་གྲོས་མོལ་བརྒྱུད་གུ་ཡངས་དང་བསམ་ཤེས་ཀྱི་ལམ་ནས་ཞི་བདེ་འགྲིག་ཆགས་ཡོང་བར་རོགས་རམ་གནང་རོགས་ཞེས་འབོད་བསྐུལ་བྱེད་རྒྱུ་ཡིན། ཀུན་བདེའི་སྨོན་འདུན་ཟབ་པོ་དང་བཅས།   ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས།   ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ལ་སྤེལ།། །།