ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།

མདུན་ངོས། / ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།

༄༅། །འཛམ་གླིང་འདིའི་རྒྱ་རིགས་སྤྱི་དང༌། བྱེ་བྲག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་རིགས་སྤུན་ཟླ། ཁྱད་པར་ཤེས་ཡོན་ཅན་དང༌། སློབ་ཕྲུག དམར་ཤོག་ཚོགས་པའི་ཚོགས་མི་བཅས་ལ་མཛའ་བརྩེའི་འཚམས་འདྲི་སྔོན་དུ་བཏང་སྟེ་གལ་ཆེའི་འབོད་བསྐུལ་ཁ་ཤས་བྱེད་རྒྱུ་ཡིན།

༡༽ བོད་རྒྱའི་མི་རིགས་གཉིས་ས་བབས་ཀྱིས་ཁྱིམ་མཚེས་སུ་གནས་ཏེ། ལོ་སྟོང་ཕྲག་གཉིས་ཙམ་གྱི་ལོ་རྒྱུས་རིང་པོའི་ནང་སྐབས་རེ་གཉེན་སྒྲིག་མཆོད་ཡོན་བཟང་ཕྱོགས་ཀྱི་འབྲེལ་བ་དང༌། སྐབས་རེ་དམག་འཁྲུག་རྒྱབ་རེས་བྱས་པ་སོགས་ཡོད། འབྱུང་འགྱུར་ཕན་ཚུན་ཡིད་ཆེས་ཀྱིས་ཁྱིམ་ཚང་ཆེན་པོ་གཅིག་ཏུ་མཉམ་གནས་ཐུབ་ན་རྒྱ་བོད་གཉིས་ཕན་ཡོང་རྒྱུའི་དགེ་མཚན་ཡོད། དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཁྱོན་ལ་འཕོ་འགྱུར་སྣ་ཚོགས་བྱུང་རིམ་ཁྲོད་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དང༌། ལྷག་པར་ཕྱི་ལོ་ ༡༩༥༤།༥༥ ནང་ངོས་རང་རྒྱ་ནག་འཐུས་མིའི་ཚོགས་ཆེན་དུ་བསྐྱོད་སྐབས་མའོ་ཀྲུ་ཞིས་དབུས་དབུ་ཁྲིད་ཕལ་ཆེ་བ་ངོ་ཤེས་གྲོགས་པོར་གྱུར་པ་དང༌། ལྷག་པར་དུ་མའོ་ཀྲུ་ཞིས་ལེགས་སློབ་དང་ཞལ་བཞེས་མང་པོ་བྱུང་བས་བློ་བདེ་ཡིད་ཆེས་ངང་ཕྱིར་འཁོར་ནས་བཟུང་ང་རང་གི་ངོས་ནས་ཐབས་ཤེས་ཡོད་རྒུས་གངས་ལྗོངས་བོད་ཀྱི་ཡུལ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་རང་སྐྱོང་ལྗོངས་བཟང་པོ་ཞིག་བསྐྲུན་ཏེ་བོད་རྒྱའི་མི་རིགས་གཉིས་ཀར་ཕན་བདེ་སྒྲུབ་ཐབས་བྱས་པ་ཡིན།

ཕྱི་ལོ་ ༡༩༥༦ ཙམ་ནས་དུས་ཟིང་འགོ་ཚུགས་ཏེ་མཐར་ ༡༩༥༩ ལོར་བཟློག་ཏུ་མེད་པའི་རྐྱེན་ངན་བྱུང་རྗེས་པཎ་ཆེན་གོང་མས་ཇི་ལྟར་གསུངས་པ་བཞིན་བཟང་ཕྱོགས་ཀྱི་འཛུགས་སྐྲུན་བྱུང་ཡོད་མོད། གཏོར་བརླག་སྡུག་སྦྱོང་ཧ་ཅང་ཆེན་པོ་བྱུང་སྟེ་གཞི་རྩའི་ཆ་ནས་བོད་མི་འཇིགས་སྣང་ངང་གནས་རྒྱུ་དང༌། རྒྱ་གཞུང་དྭོགས་ཟོན་ངང་གནས་ཏེ་བློ་བདེ་བག་ཕེབས་ཤིག་ད་ལྟའང་མེད། ཕྱི་ལོ་ ༡༩༧༠ མགོ་སྟོད་ཙམ་ནས་ང་དང་ངའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚང་མས་བསམ་ཞིབ་གྲོས་བསྡུར་གཏིང་ཟབ་བྱས་རྗེས་བོད་རྒྱ་ཁ་བྲལ་མ་དགོས་པའི་དབུ་མའི་ལམ་ཞིག་བཙལ་རྒྱུའི་ཐག་གཅོད་བྱས་པ་ཡིན། དེའི་རྒྱུ་མཚན་ཡང་བོད་ནི་མཐོ་སྒང་སྐམ་སས་བསྐོར་བའི་ཡུལ་ལུང་དེང་རབས་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་ཆེས་རྗེས་ལུས་ཅན་ཞིག་ཡིན་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ན་དཔལ་འབྱོར་འཛུགས་སྐྲུན་གྱི་ཁེ་ཕན་ཡོང་རྒྱུ་དང༌། ཡང་བོད་ས་མཐོའི་ཁོར་ཡུག་ལ་དམིགས་བསལ་བདག་གཅེས་དགོས་པ་དང༌། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་གནའ་རབས་ཅན་ཡིན་པ་ཙམ་དུ་མ་ཟད། ད་ལྟའི་འཛམ་གླིང་འདིའི་ནང་ཕན་ཐོགས་ཡོད་པ་འདི་དག་བདག་གཅེས་སྲུང་སྐྱོབ་དགོས་པས་རང་སྐྱོང་ཚད་ལྡན་ཞིག་ངེས་པར་དགོས་ཤིང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་གསལ་ཡོད་པ་བཅས་ལ་བརྟེན་རང་བཙན་གྱི་རྩོད་གླེང་དོར་ཏེ། བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་ཐབས་ཁོ་ནར་འབད་བརྩོན་བྱས་པ་ཡིན།

ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་སྐུ་གཤེགས་དེང་ཞའོ་ཕིང་མཆོག་གིས་རང་བཙན་མ་རྩོད་ན་བོད་ཀྱི་སྐོར་གནས་ཚུལ་གཞན་དག་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་གསུངས་པ་ལྟར་ང་ཚོས་བོད་ཀྱི་མ་འོངས་པའི་མདུན་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བཙལ་རྒྱུའི་བློ་ཐག་གཙང་བཅད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་བརྟན་བཟུང་བྱས་ཤིང༌། དེ་ནས་བཟུང་ད་ལྟའི་བར་ངའི་ངོ་ཚབ་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་དང་འབྲེལ་ལམ་ཐེངས་མང་བྱས་པ་མ་ཟད། ཕྱི་ལོ་ ༢༠༠༢ ནས་ད་བར་གནད་དོན་ངེས་ཅན་གྱི་ཐོག་འབྲེལ་མོལ་ཐེངས་དྲུག་བྱས་རུང་དོན་འབྲས་ཆེན་པོ་མ་སོན།

            ཡ་མཚན་པ་ཞིག་ལ་ངས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བོད་རྒྱ་ཁ་བྲལ་མི་འགྲོ་བའི་འབད་རྩོལ་ཇི་ཙམ་བྱས་ཀྱང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་གཙོ་རྣམ་པས་ང་ལ་ཁ་བྲལ་བ་ཡིན་པའི་གཞི་རྩ་མེད་པའི་སྐྱོན་བརྗོད་མུ་མཐུད་བྱས་པ་དེའི་རྒྱུ་མཚན་གང་ཡིན་མ་ཤེས། ད་ལྟའི་གནང་ཕྱོགས་འདིས་ང་མི་སྒེར་ལ་གནོད་པ་གང་ཡང་མེད་ཀྱང༌། བོད་རིགས་མང་ཚོགས་ཀྱི་སེམས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གུས་བརྩི་དང༌། འཛམ་གླིང་ཤེས་ལྡན་རྣམས་ཀྱིས་ཡིད་ཆེས་བརླག་རྒྱུའི་བག་ཆགས་གཏིང་ཟབ་ཅིག་མུ་མཐུད་སྐྲུན་གྱི་ཡོད་པ་དང༌། དེ་ལ་བརྟེན་ནས་མི་རིགས་ཁ་བྲལ་གྱི་ས་བོན་གྲུང་པོ་ཞིག་བཏབ་ཀྱི་འདུག་སྙམ་པའི་བློ་ཕམ་དང་དངངས་འཚབ་ཡོང་གི་འདུག འོན་ཀྱང་ངའི་ངོས་ནས་ལན་མང་རྒྱལ་སྤྱིའི་ནང་གསལ་བསྒྲགས་བྱས་ཟིན་པ་ལྟར། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན།

            ༢༽    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང༌། དམར་ཤོག་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཧུའུ་ཅིན་ཐའོ་མཆོག་གིས་བཏོན་གནང་མཛད་པའི་འཆམ་མཐུན་གྱི་སྲིད་བྱུས་ལ་ངས་དགའ་མོས་དང་རྒྱབ་སྐྱོར་ཡོད། འོན་ཀྱང་འཆམ་མཐུན་ངོ་མ་ནི་སེམས་ཀྱི་ནང་ནས་ཡིད་ཆེས་དང་མཛའ་བརྩེའི་དབང་གིས་ཡོང་དགོས་པ་ལས། བཙན་ཤུགས་དང་དྲག་གནོན་གྱིས་སྐྲུན་ཐབས་མེད། ཉེ་ཆར་ལི་ཐང་དུ་བྱུང་བའི་དོན་རྐྱེན་ལྟ་བུའི་གནས་ཚུལ་མང་པོ་ཞིག་གིས་བོད་རྒྱ་མི་རིགས་གཉིས་ཀྱི་ནམ་ཕུགས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་འགལ་རྐྱེན་ཆེན་པོ་བཟོས་དང་བཟོ་བཞིན་འདུག་པར་བློ་ཕམ་ཆེན་པོ་ཡོད།

        ༣༽    ལྷག་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ང་ལ་དམིགས་པའི་ཁོང་ཁྲོ་དེའི་དབང་གིས་བོད་དུ་ཡོད་པའི་བོད་མི་སེར་སྐྱ་ཉམ་ཆུང་ཉེས་མེད་མང་པོར་སྡུག་སྦྱོང་བསུན་བཙིར་གཏོང་བ་དེ་ནི་ཧ་ཅང་མ་འོས་ཤིང་མ་འཚམས་པ། མི་སྤྱོད་ལས་འདས་པ། བསམ་ཡོད་ཀྱི་མི་སུས་ཀྱང་མོས་མཐུན་བྱེད་ཐབས་མེད་པ་ཞིག་རེད། སྡུག་སྦྱོང་གི་ལམ་ནས་མང་ཚོགས་ཀྱི་སེམས་གཏིང་ནས་ཆོས་ལ་དད་པ་དང༌། མི་རིགས་ལ་དགའ་ཞེན་མེད་པར་བཟོ་ཐུབ་ཐབས་མེད། ངོས་རང་ཉིད་ལ་ནི་སྐྱོན་བརྗོད་དང་ཚིག་ངན་ཇི་འདྲ་ཞིག་སྨྲས་རུང༌། ཤཱཀྱའི་རྗེས་འཇུག་དགེ་སྦྱོང་ཞིག་ཡིན་པས་མི་བཟོད་རྒྱུ་གང་ཡང་མེད་པ་མ་ཟད། བདག་ནི་མཐོང་ཐོས་དྲན་དང་མོས་བྱེད་པ། །ཀུན་ཀྱང་བདེ་དགའི་དཔལ་ལ་སྤྱོད་པ་དང༌། །སྨོད་དང་རྡེག་འཚོག་མི་སྙན་སྒྲོག་བྱེད་པའང། །ཐམས་ཅད་བྱང་ཆུབ་ལམ་གྱི་སྐལ་ལྡན་ཤོག           །ཅེས་རྒྱུན་དུ་སྨོན་ལམ་འདེབས་མཁན་ཞིག་ཡིན། འོན་ཀྱང་ང་ལ་དམིགས་ཏེ་ཉེས་མེད་བོད་མིར་སྡུག་སྦྱོང་གཏོང་བའི་བྱ་བ་དེ་མཚམས་འཇོག་བྱུང་ན་བརྟན་ལྷིང་དང་འཆམ་མཐུན་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ལས་གནོད་སྐྱོན་ཡོང་དྭོགས་མེད་པའི་བདེན་དོན་དེ་བསྐྱར་ནན་གྱིས་བརྗོད་རྒྱུ་ཡིན།

      ༤༽      གནས་ཚུལ་དང་རྒྱུ་མཚན་དེ་དག་ལ་བརྟེན་ནས་འཛམ་གླིང་འདིའི་སྒང་གི་རྒྱ་རིགས་མི་མང་སྤྱི་དང༌། བྱེ་བྲག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡར་ཐོན་ཅན་གྱི་མང་ཚོགས་དང་དབུ་ཁྲིད་ཚང་མས་རང་ཤེད་དང་དབང་ཡོད། བདེན་བརྫུན་གོ་ལྡོག་འཁྲུལ་སྣང་གི་དབང་དུ་མ་སོང་བར་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་མི་རིགས་ཀྱི་དཀའ་རྙོག་བསལ་ཅིང་མངོན་འདོད་སྒྲུབ་པའི་སྒོ་ནས་བྱུང་རྐྱེན་ངན་པ་དང༌། མི་རིགས་ཁ་བྲལ་མི་ཡོང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཆམ་མཐུན་ལ་ཞབས་འདེགས་བཟང་པོ་ཞིག་སྒྲུབ་དགོས་པའི་འབོད་བསྐུལ་ནན་པོ་བྱེད་ཀྱི་ཡོད། འཇིག་རྟེན་ཀུན་བདེའི་སྨོན་འདུན་བཟང་པོ་དང་བཅས། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༧ ལ་སྤེལ།། །།