༸གོང་ས་མཆོག་ཟངས་དཀར་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།

མདུན་ངོས། / ༸གོང་ས་མཆོག་ཟངས་དཀར་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༥ ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་གླེ་ནས་ཐད་འཕུར་གནང་གྲུ་བརྒྱུད་ཟངས་དཀར་དཀར་དུ་༧ཞབས་སོར་འཁོད་དེ་ཁུལ་དེར་གསར་རྒྱག་གྲུབ་པའི་འཕྲོད་བསྟེན་སྨན་ཁང་དབུ་འབྱེད་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་། དེ་བཞིན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་སོགས་ཀྱི་ཆོས་འབྲེལ་སྩལ་ཡོད་པ་རེད། 

དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟངས་དཀར་པ་ལྡུམ་ས་གནས་སུ་༧ཞབས་སོར་འཁོད་སྐབས་ས་གནས་རྫོང་དཔོན་དང་། ཉེན་རྟོག་འགོ་དཔོན། ཟངས་དཀར་ནང་པའི་ཚོགས་པའི་ཚོགས་གཙོ། ཟངས་དཀར་དགོན་པ་ཚོགས་པ། ཀར་གྷིལ་ཁོངས་ཀྱི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན། ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་གི་འགན་འཛིན་བླ་མ་ཆོས་འཕེལ་བཟོད་པ་ལགས། དགེ་བཤེས་བློ་བཟང་བསམ་གཏན་ལགས་དང་དགེ་བཤེས་བློ་བཟང་ཡོན་ཏན་ལགས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ཕེབས་ལམ་གཡས་གཡོན་དུ་ས་གནས་ཡུལ་མི་དང་སློབ་ཕྲུག་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་ཐོག་ཕེབས་བསུ་ཞུས། 

དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲེལ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མཐུན་འགྱུར་གྱིས་གསར་རྒྱག་བྱས་པའི་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་དུ་ཆིབས་བསྒྱུར་གྱིས་རྒྱལ་སྒོའི་དར་ཚོན་བཅད་དེ་འཕྲོད་བསྟེན་སྨན་ཁང་དབུ་འབྱེད་དང་། རབ་གནས་མཛད་རྗེས་ཟངས་དཀར་འཕྲོད་བསྟེན་སྨན་ཁང་དང་། གསོ་རིག་ཉམས་ཞིབ་ཁང་གི་འགན་འཛིན་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་ཟངས་དཀར་གྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། ༧གོང་ས་མཆོག་གིས་ཟངས་དཀར་ལ་གཟིགས་སྐྱོང་སོགས་ཀྱི་སྐོར་གསུང་བཤད་གནང་།

དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།  དེ་རིང་འདིར་འདུས་པའི་ཟངས་དཀར་གྱི་སེར་སྐྱ་མི་མང་དང་། དེ་བཞིན་གཙོ་བོ་སྨན་ཁང་དང་འབྲེལ་བའི་ཕྱག་ལས་གནང་མཁན་དང་དང་བླངས་པ་བཅས་ལ་ཞུ་རྒྱུར། ཟངས་དཀར་ནི་མཐུན་རྐྱེན་སྐྱོ་བོ་རེད། ས་ཆ་ཡིན་ནའང་ས་ཁུག་ལྟ་བུ་ཆགས་ཡོད་སྟབས། འདིར་འཕྲོད་བསྟེན་སྨན་ཁང་ཞིག་བྱུང་ན་བསམས་པའི་རེ་འདུན་བྱས་པ་ནང་ལྟར་དེ་རིང་སྨན་ཁང་སྒོ་འབྱེད་དང་། སྨན་ཁང་ནང་ཕྱི་ལུགས་སྨན་པ་དང་། དེ་བཞིན་བོད་ལུགས་སྨན་བཅོས་བྱེད་རྒྱུ་འགོ་འཛུགས་བྱུང་བར་དཀའ་ལས་རྒྱག་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། དངོས་གནས་བྱས་རྗེས་ཡག་པོ་ཐོན་འདུག་རྗེས་སུ་ཡི་རངས་ཡོད། ཅེས་དང་། ཟངས་དཀར་མི་མང་འཛམ་གླིང་མི་གྲངས་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཡིན་པ་དང་། འཛམ་གླིང་ཡུལ་གྲུ་ཡོངས་སུ་གཙོ་བོ་སློབ་སྦྱོང་ལ་བརྟེན་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་ལྟར་ཧི་མ་ལ་ཡའི་རི་རྒྱུས་ཀྱི་ས་ཁུལ་དག་ཡིན་ནའང་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱ་གར་ནས་བོད་ལ་དར་བའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་གནའ་རབས་ནས་དར་བའི་སྐད་ཆ་ཙམ་མིན་པར་ད་ལྟའི་འཛམ་གླིང་འདིར་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་། དེ་དག་ལ་སློབ་སྦྱོང་བྱས་ཏེ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་ཐུབ་པའི་ལས་འགན་འཁྱེར་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་བ་དང་། གཞན་ཡང་། ནང་དོན་རིག་པའི་གཞུང་ཤེས་པ་ལ་ཚན་མ་རིག་པ་སྦྱོང་དགོས་པ་ལམ་སྟོན་དང་འབྲེལ་གསོ་བ་རིག་པའི་སྨན་ཁང་བཙུགས་པ་འདི་རིམ་པས་གོང་ནས་གོང་དུ་འཕེལ་ནས་ཡར་རྒྱས་རྒྱ་གང་ཆེ་ཡོང་ཐུབ་པའི་རེ་བ་ཡོད་ལ་སྨོན་ལམ་ཡང་རྒྱག་རྒྱུ་ཡིན། ཞེས་དང་།  ལ་དྭགས་གླེ་དང་། ལྡུམ་ར་ཁུལ་དུ་ཁ་ཆེ་དང་ནང་པ་ཚོ་ཕན་ཚུན་ཧ་ཅང་སེམས་ཐག་ཉེ་བོ་ཡོད་པ་ཧ་ཅང་ཡག་པོ་འདུག འདིར་ཟངས་དཀར་དུ་ཡིན་ནའང་པ་ལྡུམ་དུ་ཁ་ཆེའི་སྡེ་ཚན་ཞིག་ཡོད། ང་ཚོ་ཚང་མས་འཛམ་གླིང་སྤྱི་དང་། ཡང་སྒོས་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་ལ་བསམ་བློ་བཏང་ནས་ང་ཚོ་ཚང་མ་མཐུན་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སང་གནངས་སྐད་ཆ་ཡོང་གི་རེད། དེ་རིང་ཉིན་མ་ཧ་ཅང་ཚ་བོ་འདུག དེ་ཙམ་ཡིན། ཐུགས་རྗེ་ཆེ། ཞེས་སོགས་བཀའ་སློབ་སྩལ།

 

ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ཕོ་བྲང་དུ་སྔ་དྲོ་ཆུ་ཚོད་ ༧ ནས་ ༨།༣༠ བར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་དང་གྲུབ་ཆེན་མི་ཏྲ་ཛོ་ཀིས་གདམས་ངག་སྙིང་པོ་དོན་གསུམ། གཞན་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཆོས་སྩལ་ཡོད་པ་རེད། 

དེ་ཡང་བཀའ་དབང་སྔོན་འགྲོའི་སྒྲུབ་བཞག་གྲུབ་མཚམས་བཀའ་སློབ་སྩལ་དོན། ད་རེས་ཟངས་དཀར་ཡུལ་དུ་སླར་ཡང་སླེབས་པ་རེད། ཁ་སང་སྨན་ཁང་སྒོ་འབྱེད་དང་། དེ་རིང་སྔོན་ལ་ཐུགས་རྗེ་ཆེན་པོའི་དབང་དང་དེ་ནས་གྲུབ་ཆེན་མི་ཏྲ་ཛོ་ཀིས་གདམས་ངག་སྙིང་པོ་དོན་གསུམ་དང་། ད་རེས་གཙོ་བོ་སྨན་ཁང་སྒོ་འབྱེད་བྱེད་རྒྱུ་ཡིན་སྟབས་དེ་དང་འབྲེལ་ནས་སང་ཉིན་སྨན་བླའི་རྗེས་གནང་བྱེད་རྒྱུ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདི་ཕྱོགས་གཅིག་ནས་ངོས་ཀྱིས་གལ་ཆེན་པོ་བརྩིས་ཏེ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཤིག་བྲིས། དེ་འབྲེལ་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་འབྲི་རྒྱུ་ཞིག་ངོས་ཀྱིས་གསར་གཏོད་ལྟ་བུ་བྱས་པ་རེད། དེར་བརྟེན་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འགྲེལ་བཤད་རྒྱག་དགོས་དྲན་བྱུང་། ཞེས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་དབུ་འཛུགས་མཛད་པ་དང་། 

སྔོན་མ་ངོས་རང་འདིར་ཡོང་དུས་ངོས་ལ་ཇ་སོགས་འཁྱེར་ཡོང་མཁན་རྣམས་ལ་ཡུལ་པ་ཚོས་ཕྲན་བུ་རིགས་དམའ་བ་ལ་རྩི་བཞིན་འདུག

སངས་རྒྱས་བཅོམ་ལྡན་འདས་རང་གིས་རིགས་མཐོ་དམན་ལ་དགག་པ་ཆེན་པོ་བསྐྱོན་པ་རེད། བཅོམ་ལྡན་འདས་ཀྱི་སྐབས་དེ་དུས་འབྲེག་མཁན་ཞེས་ཕལ་ཆེར་སྐྲ་འབྲེག་མཁན་མིན་ནམ། དེ་དག་ལ་རིགས་དམན་པར་རྩི་བཞིན་ཡོད། དེར་བརྟེན་འབྲེག་མཁན་ཉེ་བར་འཁོར་གྱི་རྐང་པ་ལ་རྒྱལ་པོས་སྤྱི་བོ་གཏུགས་དགོས་རེད། རྒྱ་གར་ནང་ Dalit ལ་རིགས་དམའ་བར་བརྩིས་ནས་གང་ལྟར་ལུས་ཀྱི་ཆ་ཕྲ་མོ་ཙམ་ལའང་རེག་པ་ཙམ་བྱེད་མི་ཆོག་པ་དང་། (untouchable)ཞེས་པའི་ཐོག་ནས་རིགས་དམན་པ་དེ་དག་ལ་རིགས་མཐོ་བའི་གྲས་ཀྱིས་ཆུ་འཐུང་རྒྱུའི་ཁྲོན་པ་ནས་ཆུའང་འཐུང་མ་བཅུག་པ་སོགས་ལ་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིགས་དམན་པར་མཐོང་ཆུང་བྱེད་རྒྱུར་མཐའ་གཅིག་ཏུ་དགག་པ་བསྐྱོན་ཡོད།

སྔོན་མ་ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་པེ་ཅིང་དུ་ཕྱིན་ནས་ཟླ་བ་ཁ་ཤས་བསྡད་པ་རེད། སྐབས་དེར་མའོ་ཙེ་ཏུང་ཐེངས་མང་པོ་མཇལ་ནས་བཀའ་མོལ་ཞུ་རྒྱུ་དེ་འདྲ་བྱུང་བ་རེད། ཐེངས་ཤིག་མའོ་ཙེ་ཏུང་གིས་སངས་རྒྱས་བཅོམ་ལྡན་འདས་ནི་གསར་བརྗེ་གནང་མཁན་ (revolutionary) ཞིག་རེད། དེ་དུས་རྒྱ་གར་ནང་རིགས་ཀྱི་དབྱེ་བ་རྩི་བཞིན་པ་དེར་བཅོམ་ལྡན་འདས་ཀྱིས་ངོ་རྒོལ་གནང་སྟེ་ཐོབ་ཐང་འདྲ་མཉམ་བརྩད་གནང་བ་རེད། དེར་བརྟེན་ཁོང་གསར་བརྗེ་བ་ཞིག་རེད། ཅེས་བཤད་སོང་། ངོས་ལ་ཧིན་རྡིའི་བླ་མ་ངོ་ཤེས་པ་མང་པོ་ཡོད། ང་ཚོ་ཐུག་པའི་སྐབས་རིགས་རུས་ཀྱི་སྐད་ཆ་བཤད་རྒྱུ་དེ་དུས་ཚོད་ཡོལ་ཟིན་པ་རེད། ཕྱོགས་གཅིག་ནས་བསམ་བློ་གཏང་ན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སྐབས་སུ་རིགས་རུས་ཀྱི་དབྱེ་བ་ཕྱེ་ནས་རིགས་མཐོ་བ་དེ་དག་ལ་དམིགས་བསལ་གྱི་ཐོབ་ཐང་ཡོད་པའི་བཟོ་འདྲ་བོ་ཞིག་དང་། རིགས་དམན་པ་དེ་དག་ངལ་རྩོལ་རྒྱུག་མཁན་གྱི་བཟོ་འདྲ་བོ་བརྩི་རྒྱུ་དེ་ལ་ཞིང་བྲན་ལམ་ལུགས་ཀྱི་ཤུགས་རྐྱེན་ཡོད། སྤྱིར་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་བཤད་པ་ཡིན་ན། ཞིང་བྲན་ལམ་ལུགས་རྫོགས་ཟིན་པ་རེད། ང་ཚོ་མང་གཙོའི་རིང་ལུགས་ཐོག་འགྲོ་བཞིན་ཡོད། དེར་བརྟེན་ཞིང་བྲན་ལམ་ལུགས་དང་འབྲེལ་བ་ཡོད་པའི་དེ་འདྲའི་གོམས་གཤིས་ཆོས་ཕྱོགས་ཀྱི་མིང་འཁྱེར་ནས་ཕྱིན་པ་དེ་ཚོའི་གྲས་དུས་ཚོད་ཡོལ་བ་རེད། ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་རེད། ཅེས་ངོས་ཀྱིས་བཤད་ཀྱི་ཡོད།  ནང་པའི་སྤྱི་ཚོགས་ནང་ཆ་བཞག་ན་ལོ་ ༢༦༠༠ གོང་ནས་བཅོམ་ལྡན་འདས་ཀྱིས་ངོ་རྒོལ་གནང་ཟིན་པ་རེད། ད་དུང་ང་ཚོས་ཡུལ་པའི་ཡུལ་ཆོས་ལྟ་བུ་བརྩི་ནས་རིགས་མཐོ་དམན་གྱི་སྐད་ཆ་བཤད་པ་ཡིན་ན། བཅོམ་ལྡན་འདས་ཀྱི་བཀའ་དང་འགལ་གྱི་ཡོད། ཅེས་སོགས་སྤྱི་ཚོགས་ཀྱི་ལམ་ལུགས་ལ་ཁག་དཀྲིས་ནས་རིགས་མཐོ་དམན་གྱི་དབྱེ་འབྱེད་བྱས་པ་ཡིན་ན་སངས་རྒྱས་ཀྱི་བཀའ་དང་འགལ་གྱི་ཡོད་པ་མ་ཟད། སྐབས་བབ་༸རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་གྱི་ཡོད་པ་བཀའ་གནང་བ་དང་། 

དེ་ནས། སྔ་མོ་སྔ་མོ་ངོས་རང་ལ་དྭགས་ལ་ཡོང་བའི་སྐབས་སུ་རྔ་རྡུང་མཁན་ཚོ་རིགས་དམན་པར་བརྩིས་ནས་ཁ་ཤས་ཀྱིས་སེར་ལམ་བཅད། ཟེར་བའི་ཐ་སྙད་འོག་རིགས་དམན་པའི་ཁང་པའི་ནང་ཞབས་བརྟན་སྒྲུབ་པར་འགྲོ་མཁན་དེ་འདྲ་བཀག་འགོག་བྱས་པའི་སྐད་ཆ་འདུག དེ་དུས་ངོས་རང་ཆེད་མངགས་རྔ་རྡུང་མཁན་གྱི་སར་ཕྱིན་ཏེ་ཁོ་ཚོ་དང་མཉམ་དུ་པར་བརྒྱབ། ལྷག་པར་འདྲ་མཉམ་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་པ་ཡིན། སྐབས་དེར་གླེ་རུ་བླ་མ་གཙོ་ཆེ་བ་ཞིག་གིས་སེར་ལམ་གཅོད་རྒྱུ་མེད་ཅེས་གསུངས་བྱུང་། སྤྱི་ཚོགས་ནང་དེ་འདྲ་འདུག རིགས་རུས་ཀྱི་དབྱེ་བ་འབྱེད་རྒྱུ་དེ་རིམ་པས་བསྒྱུར་དགོས་པ་དང་བརྗེ་དགོས་པ་ཞིག་རེད། དེ་སྔ་མོའི་ལམ་ཡིན་ཁུལ་བྱེད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པར་གནོད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་འདྲེན་གྱི་ཡོད། དཔེར་ན། བདེན་པ་ཇི་ཙམ་ཡོད་མིན་ངོས་ཀྱིས་མི་ཤེས། ས་གནས་འདིར་ཆ་བཞག་ན། པ་ལྡུམ་ Padum དུ་ཁ་ཆེའི་ཆོས་གྲོགས་གང་ཙམ་ཡོད་པ་དེ་དག་རིགས་ངན་བརྩི་ནས་མཐོང་ཆུང་དང་ཁྱད་གསོད་བྱས་པར་བརྟེན་ནང་པ་ནས་ཁ་ཆེའི་ཆོས་ལུགས་ལ་མགོ་འདོགས་མཁན་བྱུང་ཡོད་རེད་ཅེས་གོ་རྒྱུ་འདུག བདེན་ཆ་ཇི་ཙམ་ཡོད་མིན་ངོས་ཀྱི་ཐག་མི་ཆོད། གང་ལྟར་ཁྱེད་རང་ཚོས་སྤྱི་ཚོགས་ནང་ཕྲན་བུ་མཐོང་ཡོད་པའམ་དགེ་བཤེས་སོགས་ཀྱིས་ཁུར་ལེན་དགོས། མཁྱེན་སོང་ངམ།

ད་གིན་རང་ཁ་ཆེའི་ཆོས་གྲོགས་ཁ་ཤས་ཐུག་བྱུང་བ་མ་ཟད། ཁ་སྔོན་ལ་དྭགས་གླེ་རུ་འདིའི་སྐོར་གོ་བྱུང་། འདིར་པ་ལྡུམ་གྱི་ཁ་ཆེ་ཆོས་གྲོགས་ཁ་ཤས་ཐུག་བྱུང་། པ་ལྡུམ་དུ་ཁ་ཆེའི་ཚོང་ཁང་ཡོད་པ་དེ་དག་ལ་ནང་པས་ངོ་རྒོལ་བྱས་པ་དེ་ལྟ་བུའི་སྐད་ཆ་བཤད་ཡོང་གི་འདུག དེ་འདྲ་བྱེད་རྒྱུ་མེད། ངོས་ཀྱིས་ཁ་ཆེ་ཚོར་ལབ་པ་ཡིན། ང་ཚོས་རིམ་པ་དང་པོ་དེ་སྤྱི་ཚོགས་ལ་བསམ་བློ་གཏོང་དགོས། ཆོས་ལུགས་ནི་སོ་སོ་སྒེར་གྱི་དད་མོས་བྱེད་རྒྱུ་རེད། འདི་རིམ་པ་གཉིས་པ་རེད། གང་ལྟར་སྤྱི་ཚོགས་འདི་མཐུན་པོ་དགོས་རྒྱུ་རིམ་པ་དང་པོ་རེད། ཆོས་གང་ལ་དད་པ་བྱེད་དང་མི་བྱེད་སོ་སོ་སྒེར་གྱི་རིམ་པ་གཉིས་པའི་སྟེང་སླེབ་པས་རེད། ངོས་ལ་ཆ་བཞག་ན་འཛམ་གླིང་འདིའི་སྟེང་གྲོགས་པོ་མང་པོ་ཡོད་པ་དང་མཉམ་སྐད་ཆ་མང་པོ་བཤད་ཀྱི་ཡོད། ངོས་ཀྱིས་ནང་པའི་ཆོས་སྤེལ་མ་མྱོང་། ཁྱེད་རང་ཚོ་ཁ་ཆེའི་ཆོས་གྲོགས་ཚོ་ཡིན་ནའང་རེད། སོ་སོའི་ཆོས་སྤེལ་རྒྱུ་བྱེད་དགོས་མ་རེད། ཆོས་དད་རང་མོས་རེད། སོ་སོའི་མོས་པ་དང་བསྟུན་ནས་འགྲོ་རྒྱུ་རེད། ཅེས་ངོས་ཀྱིས་ད་གིན་རང་འདི་ལྟར་ལབ་པ་ཡིན། དེ་རིང་མང་ཚོགས་སར་སྐད་ཆ་འདི་འཕྲོས་སྟབས། ངོས་ཀྱིས་བརྗོད་འདོད་བྱུང་། མཁྱེན་སོང་ངམ། ཞེས་དང་།  

གཞན་ཡང་། ངོས་རང་ལ་ཆ་བཞག་ན། སྟོང་ཉིད་ཀྱི་ལྟ་བ་ཕལ་ཆེར་རྟོགས་ཡོད་པ་ལྟ་བུ་ཞིག་རེད། བྱང་ཆུབ་ཀྱི་སེམས་ཀྱང་ཕལ་ཆེར་སྐྱེས་ཡོད་པ་ལྟ་བུ་ཞིག་རེད། རྩོལ་བཅས་ཀྱི་མྱོང་བའི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་ཕལ་ཆེར་སྐྱེས་ཡོད་པ་ལྟ་བུ་ཞིག་རེད། དེ་ནི་དངོས་སུ་ཚོར་གྱི་འདུག རྣམ་རྟོག་ལ་འགུལ་བསྐྱོད་ཐེབས་ཀྱི་ཡོད་པ་དེ་དངོས་སུ་ཚོར་གྱི་འདུག དེས་ན་ཞི་གནས་ཀྱི་སེམས་རྩེ་གཅིག་པ་དེ་ཙམ་མེད་པ་ལས། གལ་ཏེ་རིམ་བཞིན་སེམས་རྩེ་གཅིག་པའམ་ཏིང་ངེ་འཛིན་གྱི་ནུས་པ་གང་འཚམ་ཞིག་བྱུང་ན། སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་ཐོབ་ཐུབ་པའི་རེ་བ་ཡོད། དེ་ཐོབ་ན་ངོས་རང་སྦྱོར་ལམ་ཐོབ་ཀྱི་ཡོད། ད་ལྟ་ཚོགས་ལམ་ཆུང་ངུར་སླེབས་ཡོད་པ་རེད། དེ་ནས་ཡར་སྦྱོར་ལམ་ཐོབ་པ་ཞིག་ངོས་ནས་རེ་བ་རྒྱག་བཞིན་ཡོད། 

ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འགྲེལ་བཤད་དང་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་མཛད་པ་མ་ཟད། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཅས་སྩལ།

 

ཚེས་ ༡༨ ཉིན་ཟངས་དཀར་ཁུལ་དང་ཉེ་འཁོར་ནས་བཅར་བའི་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་སྨན་ལྷའི་རྗེས་སྣང་དང། གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་བཀའ་ཁྲིད་གནང་པ་དང་འབྲེལ་ཏེ་ཐེངས་འདིའི་ཆོས་འབྲེལ་གནང་སྒོ་རེ་ཞིག་མཇུག་ལེགས་པར་གྲུབ། 


དེ་ཡང་ཐོག་མར་སྨན་ལྷའི་རྗེས་སྣང་དང་སྙིང་པོ་དོན་གསུམ་གྱི་བཀའ་ཁྲིད་མ་སྩལ་གོང་དུ་གསུང་ཆོས་ར་བའི་ནང་ས་གནས་ཀྱི་སློབ་གྲྭའི་སློབ་མ་ཚོས་མགོན་པོ་༸གང་ཉིད་མཆོག་ལ་རྟགས་གསལ་གཟིགས་འབུལ་ཞུས་ཡོད་པ་དང་། དེ་ནས་༸གོང་ས་མཆོག་གིས་སློབ་མ་རྣམས་ཀྱིས་གཙོས་པའི་མང་ཚོགས་ཚོར་གང་བློ་མའི་ལྗགས་ལུང་བཀྲིན་སྩལ་བ་དང་འབྲེལ། དེ་སྔ་བོད་ལ་ཆ་མཚོན་ན་མཚན་ཉིད་ཐོག་སློབ་གཉེར་བྱ་རྒྱུ་ཟེར་བ་དེ་ནི་བཤད་གྲྭ་ཆེན་མོ་ཁག་ཏུ་གནང་རྒྱུ་ཡོད་པ་ལས་གཞན་མེད་པའི་བསམ་བློ་འཛིན་པ་དེ་ནི་ཆེས་རྗེས་ལུས་དང་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་།  ལ་དྭགས་ཟངས་དཀར་ཁུལ་གྱི་སེར་སྐྱ་མང་ཚོགས་ཚོས་སྐྱ་སེར་དང་རྒན་གཞོན་ཁྱད་མེད་ཀྱིས་རིགས་ལམ་རྟགས་གསལ་ལ་དོ་སྣང་གནང་དགོས་རྒྱུ་ཧ་ཅང་གལ་ཡིན་པའི་ལམ་སྟོན་གནང་བ་སོགས་བཀའ་སློབ་བཀའ་དྲིན་སྩལ་རྗེས་སྨན་ལྷའི་རྗེས་སྣང་དང་གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་བཀའ་ཁྲིད་སྩལ་བ་དང་། དེ་རྗེས་ལ་དྭགས་ཟངས་དཀར་ནང་ཟངས་དཀར་ཁུལ་གྱི་ཁ་ཆེ་སློབ་གྲྭཚོགས་དང་དགོན་ཚོགས་ཀྱི་གོ་སྒྲིག་འོག་ལ་དྭགས་ཟང་དཀར་ས་གནས་མང་ཚོགས་བཅས་ཟུང་འབྲེལ་གྱིས་༸གོང་ས་མཆོག་ལ་བཀྲ་ཤིས་མཆོད་རྫས་སྣ་ཚོགས་འདེགས་འབུལ་གྱི་སྒོ་ནས་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས།  ཉིན་རྒྱབ་ཏུ་ Padum ས་གནས་སུ་རྟེན་གཞི་བྱས་པའི་ཁ་ཆེ་སློབ་གྲྭ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁ་ཆེ་སློབ་གྲྭར་ཆིབས་སྒྱུར་གྱིས་དགེ་ལས་སློབ་མ་ཚོར་བླང་དོར་གྱི་བཀའ་སློབ་བཀྲིན་སྩལ་ཡོད་པ་བཅས་ཟངས་དཀར་ཁུལ་གྱི་མཛད་འཕྲིན་རེ་ཞིག་མཇུག་ལེགས་པར་གྲུབ་སྟེ་ཚེས་ ༡༩ ཉིན་ལ་དྭགས་གླེ་རུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།