༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།

མདུན་ངོས། / ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།

༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༦  ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན།

༄༅། །གངས་ལྗོངས་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་གནས་པའི་བོད་རིགས་ཡོངས་ལ་གདུང་སེམས་ཀྱིས་འཚམས་འདྲི་དང་བཅས་བསམ་ཚུལ་འགའ་ཤས་ཞུ་འདོད་བྱུང༌།

༡༽ འདི་ལོ་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་བཟུང་ད་ལྟའི་བར་གངས་ལྗོངས་མཐའ་དབུས་ཡོངས་དང༌། མཐའ་ན་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཡོད་པའི་སློབ་ཕྲུག་ཡན་ཆད་ནས་དུས་ཡུན་རིང་པོའི་བར་མི་རིགས་ཀྱི་ཐོབ་ཐང་དང༌། ཆོས་དད་རང་དབང་མེད་པ། དངོས་ཡོད་འཁྱོག་བཤད་སྒྲོ་སྐུར་རྟག་ཏུ་བྱེད་པ་དཔེར་ན་བོད་མི་རྣམས་ནས་གུང་ཁྲན་ཏང་སངས་རྒྱས་སུ་ལྟ་བ་ཟེར་བ་ལྟ་བུ་དྲང་བདེན་མིན་ལ་གཡོན་ཐལ་དང་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་བསམ་སྤྱོད་རྒྱུན་མར་བྱུང་བས་ཡིད་བློ་མ་ཁེངས་པའི་སེམས་ཚོར་གཏིང་ཟབ་རིམ་བསགས་ཡོད་པ་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་སྒོ་ནས་མངོན་འདོད་གསལ་བཏོན་བྱས་པ་ལ་དམར་གཞུང་གིས་གོ་མཚོན་བེད་སྤྱོད་ཀྱིས་དྲག་གནོན་ཚབས་ཆེན་བྱས་པའི་དབང་གིས་དུས་ཟིང་ཅི་ཆེ་བྱུང་སྟེ་མི་མང་པོ་ལ་སྲོག་སྐྱོན་དང༌། བཙོན་འཇུག ཉེས་བརྡུང་མནར་གཅོད་སོགས་ཧ་ཅང་ཚབས་ཆེས་སྙིང་རྗེ་ལྡན་པའི་མི་ཞིག་ཡིན་ན་མིག་ཆུ་དབང་མེད་ཤོར་བའི་ཡ་ངའི་གནས་ཚུལ་མང་པོ་བྱུང་འདུག་པར་བློ་འཚབ་དང་སེམས་ངལ་ཆེན་པོ་བྱུང་ཡང་བྱ་ཐབས་བྲལ།

༢༽ ད་རེས་དུས་ཟིང་སྐབས་ཚེ་སྲོག་ཤོར་བའི་བོད་མི་དང་རྒྱ་རིགས་ཚང་མར་མཆོག་གསུམ་གསོལ་འདེབས་རྒྱུན་དུ་བྱེད་ཀྱི་ཡོད།

༣༽ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ལོག་སྤྱོད་པ་ཉུང་ཤས་ཤིག་ལས་མང་ཚོགས་སྤྱི་བྱིངས་འདོད་བློ་ཁེངས་ངེས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ཚུལ་དོན་དངོས་དང་མི་མཐུན་པའི་དྲིལ་བསྒྲགས་བྱས་པ་རྣམས་བར་ལམ་གྱི་བྱུང་རིམ་འདི་དག་གིས་རྫུན་ཁུངས་གསལ་བརྡོལ་བྱུང་བ་མ་ཟད། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱི་ཕུགས་རེ་མངོན་འདོད་གཅིག་གྱུར་ཡིན་པའང་གསལ་སྟོན་བྱས་ཤིང༌། འཛམ་གླིང་ཡོངས་ལ་བོད་ཀྱི་གནས་ཚུལ་འདི་སྣང་མེད་དུ་བཞག་མི་ཐུབ་པ་དང༌། རྒྱ་བོད་གཉིས་སྨན་གྱི་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་འགྲིག་ཆགས་ཡོང་བའི་ཐབས་ལམ་ཞིག་ངེས་པར་དགོས་པའི་དངོས་ར་སྤྲད་ཡོད། བོད་མི་རིགས་ཀྱི་ཁེ་ཕན་གྱི་སླད་དུ་བོད་མི་སོ་སོའི་སེམས་གཏིང་གི་ཚོར་བ་རྣམས་འཇིགས་ཞུམ་མེད་པར་བློས་བཏང་ཆེན་པོས་གསལ་སྟོན་ཐུབ་པའི་སྙིང་སྟོབས་དང་ལྷག་བསམ་ནི་ཡི་རངས་བསྔགས་བརྗོད་བྱ་འོས་ཤིག་ཡིན་པ་ལྟར་འཛམ་གླིང་མང་ཚོགས་ནས་ངོས་འཛིན་དང་བསྔགས་བརྗོད་རྒྱ་ཆེ་ཐོབ་ཡོད།

༤༽ བོད་རིགས་ཏང་མི་དང་ལས་བྱེད་མང་པོ་ཞིག་གིས་ཛ་དྲག་གི་གནས་ཚུལ་འདི་འདྲའི་སྐབས་རིགས་ཞེན་མ་དོར་བར་དྲང་ཚུགས་འཛིན་ཐབས་གང་ཡོང་བྱས་འདུག་པར་བསྔགས་བརྗོད་ཡོད་པ་མ་ཟད། འབྱུང་འགྱུར་ཡང་བོད་རིགས་ཏང་མི་དང་ལས་བྱེད་ཚང་མས་སོ་སོའི་གནས་སྐབས་ཀྱི་ཁེ་ཕན་ཁོ་ནར་མ་བལྟས་པར་བོད་སྤྱིའི་སྣོད་བཅུད་ཉེན་སྲུང་ཆེད་དངོས་ཡོད་ཀྱི་གནས་ཚུལ་རྣམས་བཅོས་བསླད་མེད་པར་གོང་རིམ་ལ་གནས་ཚུལ་ཞུ་ཐུབ་པ་དང༌། མང་ཚོགས་ལའང་བླང་དོར་ལམ་སྟོན་གཡོ་ཟོལ་མེད་པ་དགོས་པའི་རེ་འདུན་བྱེད་ཀྱི་ཡོད།

༥༽ འཛམ་གླིང་ཡུལ་གྲུ་གང་ས་ནས་སྲིད་འཛིན་དང༌། སྲིད་བློན། ཕྱི་སྲིད་བློན་ཆེན། ནོ་སྦེལ་གཟེངས་རྟགས་བཞེས་མཁན། གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་འབྲེལ་ཡོད་ཡུལ་མི་བཅས་ནས་ད་ལྟ་བོད་མིའི་ཐོག་དྲག་གནོན་ཚབས་ཆེན་བྱེད་བཞིན་པ་འདི་དག་འགོག་ཆེད་རྒྱ་ནག་གི་དབུ་ཁྲིད་ཚོར་བརྡ་ལན་ཁ་གསལ་ཤུགས་ཆེ་གཏོང་བཞིན་ཡོད་པ་མ་ཟད། གཉིས་མོས་འགྲིག་ཆགས་ཡོང་བའི་ཐབས་ལམ་ཞིག་ལག་བསྟར་དགོས་པའི་བསྐུལ་མའང་བྱེད་བཞིན་ཡོད་པས། ང་ཚོས་ཁོང་རྣམ་པའི་འབད་རྩོལ་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་འཐོན་རྒྱུའི་གོ་སྐབས་བསྐྲུན་དགོས་པ་ཡིན། ཁྱེད་རྣམས་ད་ལྟའི་ཆར་གནས་སྐབས་ཐམས་ཅད་དུ་ཁོང་ཁྲོ་སློང་བའི་རྐྱེན་ཤ་སྟག་ནང་ཡོད་ཀྱང༌། ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཕྱོགས་བརྟན་གཟུང་བྱེད་གལ་ཤིན་ཏུ་ཆེ།

༦༽ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བར་སྐབས་ཀྱི་བྱུང་རྐྱེན་ཁག་ངོས་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་དང་བྱུས་སྒྲིག་བྱེད་ཚུལ་གྱི་སྒྲོ་བཏགས་སྐྱོན་འཛུགས་བྱས་དང་བྱེད་བཞིན་པ་རྣམས་བདེན་པ་མཐའ་གསལ་ཡོང་ཐབས་སུ་རང་དབང་ལྡན་པའི་རྒྱལ་སྤྱིའི་ཞིབ་འཇུག་བྱེད་པོས་ཞིབ་འཇུག་མཐར་ཕྱིན་དགོས་པའི་འབོད་སྐུལ་ཡང་ཡང་བྱས་ཡོད་པ་བཞིན་བདེན་རྫུན་དབྱེ་འབྱེད་གསལ་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱོན་འཛུགས་ཁག་ལ་གཞི་རྩ་དང་དན་རྟགས་ཡོད་ན་རྒྱལ་སྤྱིའི་ནང་གསལ་བཏོན་ངེས་པར་དུ་བྱེད་དགོས་པ་ལས་ཧམ་བཤད་བྱས་པས་རང་མཚང་སྟོན་པར་ཟད།

༧༽ ཀུན་གྱིས་མཁྱེན་གསལ་ལྟར་ངོས་ནས་བོད་མི་རིགས་ཀྱི་མ་འོངས་པའི་འདུན་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ནས་འཚོལ་རྒྱུ་བློ་ཐག་བཅད་དེ་ཕྱི་ལོ་ ༡༩༧༤ ནས་བཟུང་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་བརྟན་བཟུང་བྱེད་བཞིན་ཡིན་པ་དང༌། དབུ་མའི་ལམ་གྱི་གོ་དོན་ནི་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གྱུར་འོག་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཆ་ཚང་བ་ཞིག་ལག་བསྟར་བྱས་ཏེ་ཕྱི་འབྲེལ་དང་རྒྱལ་སྲུང་མ་གཏོགས་པ་རང་ཁྱིམ་རང་བདག་དང༌། རང་སྲིད་རང་སྐྱོང་བྱ་རྒྱུར་བོད་ཀྱི་འཛིན་སྐྱོང་བོད་རིགས་ཀྱི་མགོ་ཁྲིད་དང་བོད་རིགས་ལས་བྱེད་རྣམས་ཀྱིས་བྱེད་ཐུབ་པ་དགོས་རྒྱུ་དེ་ཡིན། འོན་ཀྱང་མཐའ་མའི་ཐག་གཅོད་ནི་བོད་དུ་ཡོད་པའི་བོད་མི་མང་ཚོགས་ཀྱིས་བྱེད་དགོས་པ་ཐོག་མ་ནས་བཤད་ཟིན་པ་ཡིན།

༨༽ འདི་ལོ་པེ་ཅིང་དུ་ཚོགས་རྒྱུའི་ཨོ་ལམ་པིག་རྩེད་འགྲན་ནི་རྒྱ་རིགས་དུང་ཕྱུར་བཅུ་གཉིས་ལྷག་གིས་དགའ་སྤོབས་བྱ་རྒྱུ་ཞིག་ཡིན་སྟབས། ངོས་ནས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་ཡོད་པས་བོད་མི་ཚོས་ཀྱང་དེ་ལ་བར་ཆད་གཏོང་རྒྱུ་འོས་འཚམས་མིན་པར་མཐོང་གི་ཡོད། བོད་མི་སོ་སོའི་ཁྲིམས་མཐུན་གྱི་རང་དབང་དང་ཐོབ་ཐང་ཁག་འཚེ་བ་མེད་པའི་ལམ་ནས་འབད་སྒྲུབ་བྱ་རྒྱུ་ཚང་མའི་འགན་དབང་ཡིན་རུང༌། དེའི་ཆེད་དུ་རྒྱ་རིགས་ལ་འཁོན་སེམས་ཡོང་གཞིའི་ལས་འགུལ་བརྩམས་ན་སུ་ལའང་ཕན་ཐོགས་མེད། འཆམ་མཐུན་གྱི་སྤྱི་ཚོགས་ཚད་ལྡན་ཞིག་ཡོང་བར་ཚང་མའི་སེམས་ཀྱི་ནང་ཕན་ཚུན་ཡིད་ཆེས་དང་མཛའ་བརྩེ་བསྐྲུན་དགོས་པ་མ་གཏོགས་དྲག་གནོན་གྱི་ལམ་ནས་འཆམ་མཐུན་ཡོང་ཐབས་མེད།

༩༽ ང་ཚོའི་འཐབ་རྩོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པ་ཉུང་ཤས་ཤིག་ལ་མ་གཏོགས་རྒྱ་མི་རིགས་ལ་མིན་པས། རྒྱ་ནག་མང་ཚོགས་ཀྱི་སེམས་ལ་འཁོན་འཛིན་འགྲོ་གཞིའི་རིགས་གཏན་ནས་བྱེད་མི་རུང༌། ད་ལྟའི་དཀའ་རྙོག་འདིའི་སྐབས་སུའང་རྒྱ་ནག་གི་ཕྱི་ནང་དུ་གནས་པའི་རྒྱ་རིགས་ཤེས་ཡོན་ཅན་དང༌། རྩོམ་པ་པོ། ཁྲིམས་རྩོད་པ་སོགས་ཧ་ཅང་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱིས་གཏམ་བཤད་དང༌། རྩོམ་ཡིག་འགྲེམས་སྤེལ། མཐུན་འགྱུར་བྱ་རྒྱུའི་ཁས་ལེན་སོགས་བྱུང་བ་དེ་ནི་ང་ཚོའི་ཡིད་འགུལ་ཐེབས་གཞི་ཆེན་པོ་ཞིག་རེད། ངས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་རྒྱ་རིགས་མི་མང་ལ་གཏམ་འཕྲིན་ཞིག་སྤེལ་ཡོད་པ་བོད་མི་ཚོས་ཀྱང་རིམ་པས་མཐོང་ཐོས་ཡོང་རེ་ཡོད།

༡༠༽ ད་ལྟའི་གནས་སྟངས་འདི་མུ་མཐུད་གནས་པ་ཡིན་ན་རྒྱ་གཞུང་གིས་ང་ཚོའི་ཐོག་དྲག་གནོན་ཇེ་ཆེར་གཏོང་རྒྱུ་ཡིན་པར་ངོས་རང་ལ་ཧ་ཅང་སེམས་ཚབས་ཆེན་པོ་ཡོད། དེ་ལྟར་མི་ཡོང་བ་བྱེད་རྒྱུའི་བཟང་སྤྱོད་ཀྱི་འགན་ཞིག་ངོས་ལ་ཡོད། དེར་བརྟེན་ངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་ལ་བོད་ས་ཡོངས་སུ་དྲག་གནོན་མཚམས་འཇོག་དང༌། སྐོར་སྲུང་བ་དང་དཔུང་དམག་ཕྱིར་བསྡུ་དགོས་པའི་རེ་འདུན་ཡང་ཡང་བཏོན་ཡོད་ཅིང༌། དེའི་གྲུབ་འབྲས་ཤིག་བྱུང་ན་ཆོལ་གསུམ་བོད་རིགས་ཡོངས་ལའང་ད་ལྟའི་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་འོས་པའི་ལམ་སྟོན་བྱེད་ཀྱི་ཡོད།

༡༡༽ རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་ཀྱང་བོད་ནང་གི་གནས་སྟངས་འགྲེལ་བརྗོད་བྱེད་སྐབས་དམིགས་བསལ་གཟབ་ནན་བྱེད་དགོས། ང་ཚོས་དྲག་ལས་སུ་འགྲེལ་བརྗོད་འགྲོ་ཉེན་ཡོད་པའི་ལས་འགུལ་ཕྲ་མོ་ཚུན་ཆད་ཀྱང་སྤང་དགོས། ཁོང་ཁྲོ་ཆེས་ཆེར་སློང་གཞིའི་གནས་སྟངས་ཀྱི་སྐབས་སུ་ཡང་ང་ཚོས་སེམས་གཏིང་ནས་ཡིད་ཆེས་བྱེད་པའི་རྩ་ཆེའི་རིན་ཐང་རྣམས་མ་བརླག་པ་བྱེད་དགོས། འཚེ་མེད་ཞི་བའི་ལམ་ནས་ང་ཚོར་གྲུབ་འབྲས་འཐོབ་རྒྱུ་ཡིན་པ་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ང་ཚོའི་གནད་དོན་ལ་གཞན་དང་མི་འདྲ་བའི་རྒྱབ་སྐྱོར་དང༌། གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཡོང་བཞིན་པ་དེ་དག་གང་ལས་བྱུང་མིན་ང་ཚོས་ཤེས་ཐུབ་པ་དགོས།

༡༢༽ ད་ལྟའི་ཆར་བོད་ནང་འགྲོ་འོང་ཆ་ཚང་བཀག་ཅིང༌། ཕྱི་རྒྱལ་གྱི་གསར་འགོད་པ་གཅིག་ཀྱང་འགྲོ་འཇུག་གི་མེད་པར་སོང༌། ངོས་ཀྱི་གནས་འཕྲིན་འདི་བོད་མི་ཡོངས་ལ་འཁྱོལ་ཐབས་དཀའ་ཡང༌། བརྒྱུད་ལམ་ཁག་དང་ངག་ཐོག་ཚུན་ཆད་གཅིག་ལ་གཅིག་བརྒྱུད་ཀྱིས་བོད་མི་གང་མང་སར་འཕྲོད་ཐུབ་པའི་རེ་བ་ཡོད།

༡༣༽ མཐའ་དོན་སླར་ཡང་ཛ་དྲག་གི་ཁོང་ཁྲོ་སློང་རྐྱེན་ཚབས་ཆེ་ཇི་འདྲ་ཞིག་བྱུང་རུང་འཚེ་བ་མེད་པའི་ལམ་གྱི་ཉམས་ལེན་ནས་མ་གཡོལ་བ་དགོས་རྒྱུའི་འབོད་སྐུལ་བསྐྱར་ནན་བྱེད་རྒྱུ་བཅས། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༦ ལ་སྤེལ།།