༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།

མདུན་ངོས། / ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།

༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༤  ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན།

༄༅། །བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་འཚམས་འདྲི་དང་བཅས་གལ་ཆེའི་གནས་ཚུལ་འགའ་ཤས་བརྗོད་རྒྱུར། ངོས་རང་ཆུང་དུས་ནས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་སླད་བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུ་གལ་ཆེར་མཐོང་སྟེ་ཆོས་སྲིད་ཀྱི་འགན་ཁུར་བླངས་ནས་བཟུང་འབད་རྩོལ་གང་ཡོང་བྱས་པ་ཡིན། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་གྲུབ་འབྲས་ཐོན་ཐུབ་པ་མ་བྱུང༌། བཙན་བྱོལ་དུ་འབྱོར་མ་ཐག་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས་དང་འབྲེལ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བྱས་པ་ནས་བཟུང་བོད་མིའི་མང་གཙོའི་འཕེལ་རིམ་བཙན་བྱོལ་བའི་གནས་བབ་ལ་གཞིགས་པའི་གང་ལེགས་བྱུང་སྟེ་ད་ཆ་དེང་རབས་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བའི་བཅའ་ཁྲིམས་དང་ལྡན་པའི་གཞུང༌། གྲོས་ཚོགས་དང་འཛིན་སྐྱོང་གི་འགོ་ཁྲིད་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་པ་བཅས་བོད་མི་རིགས་ཀྱི་འགན་ཁུར་བོད་མི་མང་ཚོགས་ཀྱིས་བླངས་ཐུབ་པའི་གནས་བབ་ཅིག་ཆགས་ཡོད་པ་དགའ་སྤོབས་བྱ་འོས་ཀྱི་གནས་སུ་མཆིས།

ངོས་ནས་མང་གཙོའི་ལམ་སྲོལ་ཕྲ་ཚུགས་ཡོང་ཐབས་ལ་འབད་བརྩོན་རྒྱུན་སྲིང་བྱས་པའི་དམིགས་ཡུལ་ནི་བོད་མིའི་ཆབ་སྲིད་སྲ་བརྟན་རྒྱུན་གནས་ཡོང་ཐབས་ཁོ་ན་ལས་རང་ཉིད་འགན་ཁུར་བྱེད་འདོད་མེད་པའམ་ཡང་ན་གཡོལ་ཐབས་བྱས་པ་ཞིག་གཏན་ནས་མིན། འདས་པའི་བྱུང་རབས་ལས་ཉམས་མྱོང་དང༌། དེང་རབས་རྒྱལ་སྤྱིའི་གནས་བབ་ལས་བསླབ་བྱ་བླངས་ཏེ་བོད་དོན་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་རྒྱུན་འཁྱོང་བྱེད་ཐུབ་པ་དང༌། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་པ་བཅས་ཀྱི་ཆེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་སྲ་བརྟན་འཛིན་སྐྱོང་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བ་ཡིན།

བཙན་བྱོལ་དུ་འབྱོར་བ་ནས་བཟུང་མང་གཙོའི་སྙིང་དོན་ལག་བསྟར་གྱིས་བོད་མིའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཁག་མང་ཚོགས་ཀྱི་བསམ་འཆར་བསྡུས་ཏེ་ཐག་ཆོད་བྱ་རྒྱུའི་འབད་རྩོལ་རྒྱུན་འཁྱོངས་བྱས་ཡོད། ད་ལྟ་ང་ཚོས་འཛིན་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཡང་ལོ་རབས་བདུན་ཅུ་པའི་འགོ་སྟོད་དུ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་སོགས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་འགོ་ཁྲིད་རྣམས་དང་བསམ་ཞིབ་གོ་བསྡུར་ལན་མང་བྱས་ཏེ་གཏན་འབེབས་བྱས་པ་མ་ཟད། སི་ཊས་སི་སྦག་གི་གཏམ་བཤད་ནང་དུའང་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱ་རྒྱུ་ཡིན་པ་གསལ་པོར་བཀོད་ཡོད།

ཕྱི་ལོ་ ༡༩༩༣་༩༤ ནས་བོད་རྒྱའི་འབྲེལ་ལམ་ཆད་རྗེས་སླར་ཡང་བོད་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་དགེའི་སྐོར་གཞིས་བྱེས་མང་ཚོགས་དང་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུའི་ཆེད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་པ་ཡིན། འོན་ཀྱང་མཐའ་མ་དངོས་གཞི་འོས་བསྡུ་མ་དགོས་པར་སྔོན་འགྲོའི་བསམ་འཆར་མང་ཤོས་གཞིར་བཟུང་སྤྱི་ལྷན་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ངོས་ལ་དུས་བསྟུན་ཐག་གཅོད་བྱ་དགོས་བརྗོད་པ་ལྟར་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱས་པ་དང༌། ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཀྱིས་འབྲེལ་མོལ་ཐེངས་བརྒྱད་བྱས་ཡོད། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་ཐོག་དོ་སྣང་གསར་པ་ཞིག་སླེབས་ཏེ་ཕྱོགས་ཀུན་ནས་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་པ་དང༌། དེ་བཞིན་རྒྱ་མི་རིགས་ཤེས་ཡོན་ཅན་གྱི་རྒྱབ་སྐྱོར་ཡང་ཇེ་མང་དུ་སོང་ཡོད། འོན་ཀྱང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བྱུང་བ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་བྱུང་མེད།

འབྲེལ་མོལ་ཐེངས་དྲུག་པའི་རྗེས་གནས་སྐབས་འབྲེལ་མོལ་མུ་མཐུད་བྱ་འཆར་མེད་རུང༌། འདི་ལོ་བོད་ནང་བྱུང་བའི་ཛ་དྲག་གི་གནས་ཚུལ་ལ་བརྟེན་ནས་ཕྱི་ཟླ་ལྔ་པའི་ཚེས་ཤར་ལ་ནང་མོལ་གྱི་གོ་བསྡུར་ཞིག་དང༌། ཕྱི་ཟླ་བདུན་པའི་ཟླ་འགོར་འབྲེལ་མོལ་ཐེངས་བདུན་པ། འདི་ཟླའི་ནང་འབྲེལ་མོལ་ཐེངས་བརྒྱད་པ་བཅས་མ་ལན་མ་འགྱོད་པའི་ཚུལ་དུ་བྱས་ཀྱང་དོན་དམ་གྱི་གྲུབ་འབྲས་གང་ཡང་མ་བྱུང༌།

འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་བོད་མི་རྒན་གཞོན་དང༌། ཕོ་མོ་སེར་སྐྱ་ཆོས་དད་ཡོད་མེད་སོགས་ཀྱི་དབྱེ་བ་མེད་པར་སློབ་ཕྲུག་ཡན་གྱི་ཆོལ་གསུམ་བོད་རིགས་རྣམས་ཀྱིས་རང་གི་སེམས་ནང་འདོད་པ་མ་ཁེངས་པའི་སེམས་ནད་གཏིང་ཟབ་ཡོད་པ་དེ་དག་ལུས་སྲོག་བློས་བཏང་གིས་སྙིང་སྟོབས་ཆེན་པོས་ཁྲིམས་མཐུན་ཞི་བའི་ལམ་ནས་གསལ་པོ་ཕྱིར་བཏོན་བྱས་ཡོད། སྐབས་དེར་ངོས་ནས་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཐབས་ལམ་ཞིག་ལག་ལེན་བསྟར་རྒྱུའི་རེ་བ་ཆེན་པོ་བྱས་པ་ཡིན། འོན་ཀྱང་དེ་ལས་ལྡོག་སྟེ་བོད་མིའི་སེམས་ཀྱི་རེ་འདུན་ནག་བསུབ་བཏང་ནས་ཁ་བྲལ་བ་དང༌། ལོག་སྤྱོད་པ་ཟེར་བའི་ཉེས་མིང་བཀལ་ནས་དྲག་གནོན་ཚད་མེད་བཏང་རྐྱང་བྱས་སོང༌། སྐབས་དེར་ངོས་ནས་བློས་འགན་བཟོད་མིན་གྱིས་སྲིད་འཛིན་ཧུ་ཅིན་ཐའོ་ལ་གནས་ཡིག་བསྲིངས་པ་སོགས་རྒྱལ་སྤྱི་དང་རྒྱལ་ནང་བཅས་ཕྱོགས་གང་སར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཀྱང་དོན་འབྲས་ཆེ་བ་མ་བྱུང༌། སྐབས་དེར་ཨོ་ལམ་པིཀ་རྩེད་འགྲན་པེ་ཅིང་དུ་འཚོག་རྒྱུའི་སྦིར་ཟིང་ཡོད་མུས་ལ་བརྟེན་བོད་མི་མང་ཚོགས་ལ་གོ་བསྡུར་བྱ་རྒྱུའི་ལས་རིམ་བྱེད་བདེ་མ་བྱུང་ཡང༌། ད་ཆ་གྲོས་བསྡུར་བྱ་རྒྱུའི་དུས་ཚོད་འོས་འཚམས་སུ་མཐོང་སྟེ་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་དགོས་རྒྱུ་བཀའ་སྤྱི་ཐུན་མོང་ལ་འདི་ལོ་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ལམ་སྟོན་བྱས་པ་ལྟར་ད་ཆ་ཚོགས་ཆེན་ཚོགས་ཉེར་ཡོད་པ་འདིའི་ཐོག་ཚོགས་མི་ཡོངས་ཀྱིས་རང་རང་ཁྱབ་ཁོངས་མང་ཚོགས་ཀྱི་བསམ་འཆར་ཇི་ཡོད་གསལ་འདོན་བྱེད་པའི་རེ་བ་ཡོད།

ཚོགས་ཆེན་ནང་འདི་ལོ་བོད་ནང་བྱུང་བའི་རླབས་ཆེན་གྱི་ལས་འགུལ་ཁག་དང༌། དེ་འབྲེལ་རྒྱལ་སྤྱིའི་གནས་བབ། ད་ལྟའི་རྒྱ་ནག་གཞུང་གི་བྱེད་ཕྱོགས་བཅས་དངོས་ཡོད་གནས་ཚུལ་རྣམས་གཞི་རྩར་བཞག་སྟེ་འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཁྱོན་ཡོངས་ཀྱི་གནས་ཚུལ་ཐོག་འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་བློ་བཏང་སྟེ་ཚོགས་མི་ཚང་མས་བོད་ཀྱི་ཡུལ་མིའམ་སྤྱི་འབངས་གཅིག་གྱུར་ཡིན་པའི་གནས་བབ་ཀྱིས་འདྲ་མཉམ་དང༌། ཕྱར་གྲུ་མཉམ་འདེགས། ཁུར་མཉམ་ལེན་གྱི་སྒོ་ནས་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་ལྷུག་པོ་བྱེད་དགོས། དེ་ཡང་དེང་རབས་སྲིད་དོན་ཚོགས་པ་ཁག་གིས་ཆབ་སྲིད་ལྟ་གྲུབ་མཁྲེགས་འཛིན་གྱིས་རྩོད་གླེང་བྱེད་པ་ལྟ་བུུ་མ་ཡིན་པར་མང་ཚོགས་ཀྱི་བསམ་འཆར་ངོ་མ་ལྷད་མེད་ཚོགས་ཆེན་གྱི་སྡིངས་ཆའི་ཐོག་གསལ་འདོན་བྱེད་དགོས། དེའི་ཐད་ཚང་མས་འབད་རྩོལ་བྱ་རྒྱུར་ངས་རེ་སྐུལ་ནན་པོ་བྱེད་ཀྱི་ཡོད།

དམིགས་བསལ་ཚོགས་ཆེན་འདི་ནི་གོ་བསྡུར་སྦྱངས་ཤད་ཞིབ་ལྷུག་བྱས་པའི་ལམ་ནས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་ཡོང་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ཀྱི་ཐབས་བྱུས་སམ་ཁག་དཀྲི་བྱེད་ཡུལ་ལྟ་བུའམ། ཡང་ན་ངེས་ཅན་གྱི་གྲུབ་དོན་གཅིག་གི་ཐོག་འབབ་རེ་བྱེད་པའི་མངོན་པར་མི་གསལ་བའི་དམིགས་ཡུལ་ཡོད་པ་ཞིག་གཏན་ནས་མིན་པ་འདི་ངེས་པར་ཤེས་པ་བྱེད་དགོས། ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༤ ལ།། །།