ཨེ་ཤ་ཡའི་གསུང་ཆོས་དབུ་འཛུགས་མཛད་པ།

མདུན་ངོས། / ཨེ་ཤ་ཡའི་གསུང་ཆོས་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་རྡི་ནེ་ཤི་ཡ་དང་ཀོ་རུ་ཡ། མཱ་ལེ་ཤེ་ཡ། སངྒཱ་པོར། ཐའེ་ལན་ཌི། ཝེ་དི་ནམ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བར་ཉིན་གྲངས་བཞིའི་རིང་གི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༣༠ ཙམ་ལ་དད་ལྡན་ཆོས་ཞུ་བ་མང་པོས་དམིགས་བརྩེ་མ་གསུང་འདོན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་བསུ་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཤར་ལྷོའི་ཨེ་ཤ་ཡའི་ཀོ་རི་ཡའི་མཁན་པོ་ཁོང་ཚོ་དང་། ཐའེ་ལན་པ་སོགས་ཕེབས་ཡོད་པ་རེད། ཕལ་ཆེར་ལོ་འཆར་ཅན་གསུང་ཆོས་བྱེད་ཀྱི་ཡོད་པ་རེད། དང་པོ་དེ་རིང་འདིར་མ་སྒྲིག་ལྷུན་གྲུབ་ཏུ་དགའ་ལྡན་ཁྲི་པ་ལ་གསར་མཇལ་གནང་རྒྱུ་ཡིན། དགའ་ལྡན་ཁྲི་པར་ཕེབས་རྒྱུ་ནི་ཐོག་མར་གྲྭ་པ་གྲྭ་རྐྱང་བྱས་ཏེ་སློབ་གཉེར་གནང་། དེ་ནས་རིམ་པས་དགེ་བཤེས་བཞག་རྗེས་རྒྱུད་པ་ལ་ཞུགས། རྒྱུད་པའི་ལས་གནས་རིམ་པར་གནང་སྟེ་ཤར་བྱང་ཆོས་རྗེ་གནང་དགོས། དེ་ལྟར་རིམ་བཞིན་དགའ་ལྡན་ཁྲི་ལ་ཕེབས་པའི་ལུགས་སྲོལ་ཧ་ཅང་སྤུས་དག་པོ་ཞིག་སྔར་ནས་ཡོད། བར་སྐབས་ཕྲན་བུ་ཉམས་ཆག་ཕྱིན་པ་རེད། སྐུ་མདུན་སྐུ་གོང་མའི་སྐབས་སུ་སླར་ཡང་ཞིབ་འཇུག་གནང་སྟེ་རྩོད་རྒྱུགས་བྱས་ཏེ་ཨང་དང་པོ་ཐོན་པ་དེ་ཡར་ཕེབས་པ་མ་གཏོགས། དེའི་གོང་ལ་བླ་མ་ཆོས་མཛད་ཁ་ཤས་ཡར་ཕེབས་ཡོད་པ་མིན་ནམ། དེ་དག་ཁྲི་ལ་ཕེབས་རྒྱུ་མེད་པ་བཟོས་པ་རེད། དེ་དུས་ཀྱི་རྩོད་རྒྱུགས་བྱས་ཏེ་མཁས་པ་རྩེར་སོན་ཤར་བྱང་ཆོས་རྗེ་ནས་ཡར་ཕེབས་ཏེ་ཁྲི་པ་ཡེ་ཤེས་དབང་ལྡན་ཟེར་བ་ཆགས་ཡོད། དངོས་གནས་རྩོད་པའི་ཁྱུ་མཆོག མཁས་པའི་དབང་པོ་ཆགས་ཡོད། དགའ་ལྡན་ཁྲི་པ་གནང་རྒྱུ་ནི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཆགས་ཀྱི་ཡོད་པ་རེད།

དགའ་ལྡན་ཁྲི་པ་དང་པོ་དེ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་རེད། དེ་ནས་རིམ་པ་བྱས་ཏེ་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཅེས་གཙང་པ་མང་པོ་བྱུང་བའི་སྐད་ཆ་རེད། དེ་རིང་ཡང་གཙང་པ་ཞིག་སླེབས་ཀྱི་ཡོད་པ་རེད། ཁྲི་པའི་གསར་མཇལ་དེ་རིང་འདིར་གནང་ན་ཡག་པོ་འདུག་ཅེས་ཞུ་རྒྱུ་བྱུང་། ཞེས་བཀའ་སློབ་གནང་རྗེས།ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་མཐར་བགྱིད་ཤོག། །བསྐལ་བ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག། །ཅེས་གསུང་འདོན་དང་འབྲེལ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མཇལ་ཁ་དང་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་ཐུབ་བསྟན་ཡུན་རིང་གནས་པ་དང༌། །སྒོས་ཞྭ་སེར་ཅོད་པན་འཆང་བའི་སྡེ། །དཔལ་མཉམ་མེད་རི་བོ་དགའ་ལྡན་པ། །ཕྱོགས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཅེས་ཚར་གསུམ་གསུང་འདོན་དང་འབྲེལ་ཁྲི་རིན་པོ་ཆེ་མཆོག་ལ་རྗེ་ཡབ་སྲས་སྐུ་བརྙན་ཕུལ་ཏེ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་གསར་མཇལ་གྲུབ་པ་དང་། པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་ཅིག་གིས་པཱ་ལའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱའི་བཙུན་མ་ཁག་ཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་རྗེས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་གསུང་འདོན་དང་འབྲེལ་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། 

དེ་རིང་འདིར་གཙོ་བོ་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཐུན་མོང་གི་ཐོག་ནས་སྐུལ་མ་བྱས་པ་བཞིན་ཆོས་འབྲེལ་བྱེད་རྒྱུ་ཡིན། དེ་རིང་ཆོས་འབྲེལ་བྱེད་རྒྱུ་ནི་རྩ་བ་ཤེས་རབ་ཀྱི་འབྲེལ་བ་དང་པོའི་གྲས་བུདྡྷ་པཱ་ལི་ཏ་ཡིན། གཙོ་བོ་ལུང་རྒྱུན་རེད། ངོས་ནས་བུདྡྷ་པཱ་ལི་ཏ་དང་དབུ་མ་ཚིག་གསལ་ལ་སོགས་པ་མང་པོ་ཞིག་ཁྲི་ཟུར་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་རེད། འདི་དག་ནི་བསྟན་འགྱུར་ནང་ཡོད་པའི་གཞུང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། འདི་དག་ལུང་རྒྱུན་མ་གཏོགས་ཡོད་པ་མ་རེད་ཅེས་བཞག་པ་ཡིན་ན་ཕངས་པོ་ཞིག་ལ་མཐོང་གི་འདུག དེར་བརྟེན་བཤད་རྒྱུན་ཡོད་ཀྱང་མེད་ཀྱང་དཔྱད་པ་ཉུང་ཙམ་རེ་བྱེད་ཐུབ་ན་མཁས་པའི་དབང་པོ་ཚོས་ཐུགས་བསྐྱེད་སྨོན་ལམ་ཤུགས་དྲག་གི་ཐོག་ནས་གཞུང་འདི་དག་མཛད་པ་རེད། ད་ལྟ་དུས་རབས་ ༢༡ ནང་སླེབས་ཡོད་པ་རེད། མཁས་པའི་དབང་པོ་དེ་ཚོའི་གཞུང་འདི་དག་ཇི་མ་ཇི་བཞིན་བཤད་ཁག་པོ་ཡིན་ཀྱང་། རོབ་ཙམ་འཆད་ཉན་བྱེད་ཐུབ་ནའང་སྐལ་བ་བཟང་པོ་རེད། མཛད་པ་པོ་དག་གི་ཐུགས་ཀྱི་བཞེད་དོན་བསྒྲུབ་རྒྱུའི་ཞབས་འདེགས་ལ་འགྲོ་གི་རེད། དེར་བརྟེན་ངོས་ནས་མཁས་པའི་དབང་པོ་འདི་དག་གི་གཞུང་ལ་འབད་བརྩོན་བྱེད་བཞིན་ཡོད། དེ་རིང་བུདྡྷ་པཱ་ལི་ཏ་བཤད་རོགས་ཞེས་རེ་འདུན་བྱུང་བ་རེད། ཁྱོད་རང་ཚོས་དོན་གཉེར་ཆེན་པོའི་ཐོག་སྐད་ཡིག་མི་འདྲ་བ་ཁ་ཤས་ནང་རབ་བྱེད་བརྒྱད་པ་བར་དུ་བསྒྱུར་འདུག འཕྲོས་དེ་དུས་བསྲིངས་བྱེད་རྒྱུ་བྱས་པ་དེ་ལྟར་རེད། 

བོད་ལ་ལུགས་སྲོལ་དེ་ལྟ་བུ་མེད་པ་མ་རེད། དཔེར་ན་བརྒྱད་སྟོང་པའི་བཤད་ལུང་སྔ་མོ་ནས་ཕལ་ཆེར་ཡོད་པ་མ་རེད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐབས་སུ་རྒྱལ་སྟོང་པའི་བཤད་ལུང་གནང་པའི་བྱུང་རིམ་ཞིག་འདུག དེ་ནས་བཟུང་བརྒྱད་སྟོང་པའི་བཤད་ལུང་གི་རྒྱུན་ཞིག་བྱུང་བ་རེད། དེར་བརྟེན་ལུང་རྒྱུན་གྱི་ཐོག་ནས་བཤད་པ་གནང་བའི་ལུགས་སྲོལ་ཞིག་ཀྱང་འདུག གཙོ་བོ་དེ་རིང་ངོས་ནས་བཤད་པའི་རྒྱུ་མཚན་དེ་ཡིན། གཞུང་འདི་དག་དཔལ་ནཱལེནྡྲའི་ཡོངས་གྲགས་ཀྱི་མཁས་པའི་དབང་པོ་ཚོས་མཛད་པའི་གཞུང་ཆགས་ཀྱི་ཡོད། ང་ཚོས་བསྟན་པ་སྤྱི་ལ་བསམ་བློ་བཏང་བ་ཡིན་ནའང་། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་དང་། ཀོ་རི་ཡ། ཝེ་དི་ནམ། ཉི་ཧོང་བཅས་གང་ལ་ཆ་བཞག་ནའང་རེད། བོད་ལ་ཆ་བཞག་ནའང་བསྟན་པ་སྔ་དར་དང་ཕྱི་དར། སྔ་དར་གྱི་རྙིང་མ་དང་བསྟན་པ་ཕྱི་དར་གྱི་གསར་མ། དེ་བཞིན་བཀའ་བརྒྱུད། ས་སྐྱ། བཀའ་གདམས། དེ་ནས་བཀའ་གདམས་གསར་མ་དགེ་ལུགས་སོགས་ཚང་མའི་རྩ་བ་རྒྱ་གཞུང་ལ་གཏུགས་ཡོད་པ་ཤ་སྟག་རེད། དེར་བརྟེན་རྒྱ་གཞུང་འདི་དག་ལ་ག་ཚོད་ཐུབ་ཐུབ་ཀྱིས་གོམས་འདྲིས་བྱེད་རྒྱུ་བྱུང་ན། རྩ་བའི་བོད་ཀྱི་ནང་ཆོས་དང་དེ་བཞིན་འཛམ་གླིང་འདིར་ལེགས་སྦྱར་ཆོས་བརྒྱུད་འཛིན་པ་ཚོས་ཁུངས་གཏུགས་སའི་གཞུང་དེ་དག་བཀའ་འགྱུར་བསྟན་འགྱུར་ཞེས་སྨོན་ལམ་རྒྱག་སའི་ཁུངས་ཙམ་ལ་མ་བཞག་པར་ཏོག་ཙམ་ཏོག་ཙམ་བལྟ་ཐུབ་ན་དེ་གལ་ཆེན་པོ་མཐོང་གི་འདུག གནས་སྟངས་དེ་ལྟར་ཡིན།

རྩ་བ་ཤེས་རབ་དང་དབུ་མ་རིགས་ཚོགས་དྲུག་གི་བཤད་ལུང་གི་རྒྱུན་ཞིག་དེ་སྔ་བོད་ལ་ཡོད་པ་རེད། གསེར་ཀོང་མཚན་ཞབས་རིན་པོ་ཆེའི་སྐུ་མདུན་ནས་ངོས་ལ་རིགས་ཚོགས་དྲུག་གི་བཤད་ལུང་ཐོབ་པ་རེད། གསེར་ཀོང་མཚན་ཞབས་རིན་པོ་ཆེས་ཚེ་སྨོན་གླིང་སྐུ་གོང་མའི་སྐུ་མདུན་ནས་གསན་པ་ཡིན་པ་འདྲ། གང་ལྟར་བཤད་ལུང་གི་རྒྱུན་ཞིག་ཡོད་པ་རེད། ཕྱིས་སུ་རྩ་བ་ཤེས་རབ་ཀྱི་བཤད་ལུང་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་སྐུ་མདུན་ནས་ངོས་ལ་ཚར་གཅིག་ཐོབ་པ་རེད། ཁོང་ལེགས་སྦྱར་གྱི་གསུང་ལ་མཁས་པ་ཡིན་པས་བོད་ཡིག་ནང་གི་རྩ་བ་ཤེས་རབ་དང་ལེགས་སྦྱར་དུ་ཡོད་པ་གཉིས་ཕྲན་བུ་མི་མཐུན་པ་ཡོད་པ་དག་རིན་པོ་ཆེས་གསལ་བཤད་གནང་སྟེ་ཧ་ཅང་ཡག་པོ་བྱུང་། རྩ་བ་ཤེས་རབ་གཙོ་བོ་དང་དེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་འགྲེལ་བ་གཙོ་བོ་ཞིག་ཆགས་ཡོད། ཚིག་གསལ་གྱིས་རྩ་བ་འཇོག་ས་འདིའི་ཐོག་ལ་བཞག་འདུག དེར་བརྟེན་གཞུང་འདི་རྩ་ཆེན་པོ་ཞིག་ཏུ་མཐོང་གི་འདུག དེ་གཅིག་ཞུ་རྒྱུ་ཡིན། མ་གཞི་ཁྱོད་རང་ཚོར་གོ་ཁག་པོ་ཆགས་ཀྱི་རེད། དབུ་མའི་གཞུང་ལ་ཏོག་ཙམ་བལྟས་ནས་རྒྱུས་མེད་ན་ལས་སླ་བོ་ཤེས་རྒྱུ་ཁག་པོ་རེད། ཁྱོད་རང་ཚོ་མ་ཟད་ཞིབ་ཚགས་པོའི་སྒང་ལ་འགྲོ་དགོས་ཚེ་ངོས་རང་ཡང་བཤད་རྒྱུ་ཏོག་ཙམ་ཁག་པོ་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་སེམས་ཤུགས་བསྐྱེད་དེ་ངོས་ནས་བཤད་རྒྱུ་དང་ཁྱོད་རང་ཚོས་ཉོན། ལུང་ཐོབ་སོང་ཞེས་དཔེ་ཆ་བཞག་ནས་མ་བཞག་པར་དུས་རྒྱུན་དུ་དཔེ་ཆ་ལག་པར་ཉར་ནས་བལྟ་དགོས་པ་རེད། 

ནམ་རྒྱུན་ངོས་ཀྱིས་གསུང་ཆོས་སྐབས་སུ་ནང་ཆོས་ངོ་སྤྲོད་ཅིག་བྱེད་བཞིན་ཡོད། དེ་རིང་ཡང་དེ་བཞིན་བྱས་ཏེ་སྔོན་ལ་ནང་ཆོས་ངོ་སྤྲོད་དང་། ནང་ཆོས་ངོ་འཕྲོད་ནས་ཆོས་ལ་དད་མོས་དང་ནང་ཆོས་ཀྱི་གཞུང་ལ་བལྟས་པ་ཡིན་ན་ཡག་པོ་འདུག དེ་རིང་ལྷོ་ཤར་ཨེ་ཤ་ཡའི་ལུང་པ་མང་པོ་ཞིག་ནས་འདིར་ཕེབས་ཡོད་པ་རེད། སངས་རྒྱས་པའི་ཆོས་འདི་ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན། རྒྱ་གར་ནས་བྱུང་པ་རེད་ལ། རྒྱ་གར་ནས་ཨེ་ཤ་ཡ་ཡོངས་རྫོགས་ལ་ནང་པའི་ཆོས་འདི་ཁྱབ་པ་ལྟ་བུ་འདུག ནང་པའི་ཆོས་བརྒྱུད་ཀྱི་ནང་དུ་པཱ་ལའི་ཆོས་བརྒྱུད་དང་ལེགས་སྦྱར་གྱི་ཆོས་བརྒྱུད་ཅེས་ཡོད་པ་རེད། གང་ལྟར་ཡང་སྙིང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་བ་ནས་ཆོས་ཚུལ་མང་པོ་ཞིག་གསུངས་ཡོད་པ་ཚང་མ་ཨེ་ཤ་ཡའི་ཡུལ་གྲུ་ཡོངས་ལ་ཁྱབ་པ་ལྟ་བུ་འདུག དེ་ལྟ་བུའི་ཆོས་བརྒྱུད་འདི་ལ་དམིགས་བསལ་མི་འདྲ་བ་ཅི་ཞིག་ཡོད་པ་རེད་ཅེ་ན། བཅོམ་ལྡན་འདས་ཁོང་རང་གིས། 

དགེ་སློང་དག་དང་མཁས་རྣམས་ཀྱིས། །
བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟག་ལ་ང་ཡི་བཀའ། །
བླང་བར་བྱ་ཡི་གུས་ཕྱིར་མིན། །  ཞེས་གསུངས་འདུག 

གང་ལྟར་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི་རྒྱུ་མཚན་ལ་དཔྱད་པ་བྱས་ཏེ་འགྲོ་ལུགས་གཅིག་དང་། རིགས་པས་དཔྱད་པའི་གྲུབ་དོན་སེམས་རྒྱུད་ལ་སྦྱར་ནས་ཕན་ཐོགས་གང་ཡོད་པ་དང་། སེམས་ལ་འགྱུར་བ་འགྲོ་རྒྱུ་ཅི་ཞིག་ཡོད་པ་དང་། འགྱུར་བ་བཏང་ནས་ཕན་ཐོགས་གང་ཡོད་བཅས་ལ་ཚོད་ལྟ་བྱས་པའི་ཐོག་ནས་བཅོམ་ལྡན་འདས་ཀྱིས་གསུངས་དང་དེའི་དགོངས་འགྲེལ་བཅས་ལ་རིགས་པས་དཔྱད་པ་བྱས་ན་ངེས་པ་རྙེད་རྒྱུ་ཡོད་པ་ཞིག་དང་། དཔྱད་དོན་ཤེས་རྒྱུད་དུ་སྦྱར་བའི་ཚེ་སེམས་རྒྱུད་ལ་ཕན་ཐོགས་ཡོད་པ་ཞིག་མཐོང་སྐབས་སངས་རྒྱས་པའི་ཆོས་ལ་ཞེ་ནས་དད་པ་ཐོབ་པ་ཞིག་ཡོང་རྒྱུ་འདུག འཛམ་གླིང་འདིར་ཡོད་པའི་ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་པས་ཧ་ཅང་ཡག་པོ་རེད། ཡིན་ནའང་། སངས་རྒྱས་རང་གི་བཀའ་ལ་ཡིན་ནའང་དཔྱད་པ་བྱས་ཏེ་རིག་པ་དང་འགལ་གྱི་ཡོད་ཚེ་སངས་རྒྱས་ཀྱི་བཀའ་ཡིན་ཀྱང་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་བཅས་ཀྱི་ཐོག་ནས་སྒྲ་ཇི་བཞིན་པ་ཁས་བླང་དུ་མི་རུང་བའི་ཐོག་ལ་བསྐྱལ་རྒྱུ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཐོག་ནས་གསུང་སྲོལ་དེ་ཧ་ཅང་མ་འདྲ་བ་ཞིག་རེད། ཅེས་སོགས་བཀའ་གནང་བ་དང་། 

གཞན་ཡང་། དུས་རབས་ ༢༡ པའི་ནང་ཚན་རིག་ཡར་རྒྱས་དང་འབྲེལ་བའི་ཐོག་ནས་དངོས་པོ་ཡར་རྒྱས་དང་། འཕྲུལ་ཆས་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་དང་། དེ་དང་འབྲེལ་ནས་སྤྱིར་བཏང་གི་ཤེས་ཡོན་ཡར་རྒྱས་ཕྱིན་ཡོད་ཀྱང་། དེས་ལྡང་གི་འདུག་གམ་ཞེས་ང་ཚོར་དྲི་བ་ཞིག་འདུག ད་ལྟའི་འཛམ་གླིང་དུ་ཡོད་པའི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་རྒྱ་ཆེན་པོ་ཞིག་ཡོད་པ་དེས་འཛམ་གླིང་འདིར་དགོས་མཁོ་ཆ་ཚང་སྒྲུབ་ཐུབ་ཀྱི་འདུག་གམ་མི་འདུག བསམ་བློ་གཏོང་དགོས། འཛམ་གླིང་དངོས་ཡོད་གནས་ཚུལ་དུ་ད་ལྟ་རང་ལ་ང་ཚོ་འདིར་ཞི་བདེ་བག་ཕེབས་བྱས་ཏེ་བསྡད་ཡོད་ཀྱང་། དུས་ཚོད་འདི་རང་ལ་འཛམ་གླིང་གི་ས་ཆ་ཁ་ཤས་སུ་མི་གསོད་རེས་བྱེད་པ་དང་། དབུལ་ཕོངས་ཉམ་ཐག ལྷག་པར་དུ་བྱིས་པ་ཆུང་ཆུང་ལྟོགས་སྐོམ་གྱིས་མནར་བཞིན་པའི་པར་མཐོང་སྐབས་སེམས་ལ་མ་བཟོད་པ་ཞིག་འདུག  ཆུ་ལོག་དང་རང་བཞིན་འབྱུང་བའི་གནོད་པ་ལ་བརྟེན་ནས་གྲོངས་མཁན་ལ་གང་དྲག་ཟེར་བ་ལྟ་བུ་ལས་བྱེད་རྒྱུ་མེད་ཀྱང་། མང་པོ་ཞིག་གི་སྡུག་བསྔལ་མིས་བཟོས་པ་རེད། བརྩེ་བས་སྡུག་བསྔལ་བཟོ་རྒྱུ་ཡོད་པ་མ་རེད། ཞེ་སྡང་གི་དབང་གིས་སྡུག་བསྔལ་བཟོ་བཞིན་འདུག ཞེ་སྡང་ཐུག་ས་དེ་འདོད་ཆགས་ལ་ཐུག་ཡོད། ཞེན་ཆགས་བྱས་ཏེ་ཕྱོགས་སུ་ལྷུང་བ་དང་། ཞེ་སྡང་ནི་ཕྱོགས་སུ་ལྷུང་བའི་བློ་རེད། ཕྱོགས་སུ་ལྷུང་བའི་བློ་ཡིས་སོ་སོའི་སེམས་ཀྱང་དཀྲུགས་ཡོང་གི་ཡོད། དེ་བཞིན་རོགས་པ་ཚོའང་མ་སྐྱིད་པ་བཟོས་ཏེ་མཐའ་མ་གསོད་རེས་གཏོང་གི་ཡོད། འཛམ་གླིང་འདིར་དེ་ལྟ་བུའི་གནས་ཚུལ་ཡོང་བཞིན་ཡོད། དེ་སེལ་བའི་ཐབས་ཤེས་ཡོད་པ་རེད་དམ་ཞེས་བསམ་བློ་བཏང་བའི་ཚེ། ཐབས་ཤེས་ཤིག་འདུག རྩ་བ་འཇོག་ས་ནི་ཚན་རིག་པ་མང་པོ་ཞིག་གིས་མིའི་ལྷན་སྐྱེས་ཀྱི་རང་བཞིན་ལ་བརྟག་དཔྱད་བཏང་བའི་སྐབས་སུ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བརྩེ་བའི་རང་བཞིན་ཞིག་རེད་ཅེས་བཤད་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་ཏེ་ཆུ་ཚོད་༡༠ ཡོལ་མཚམས་བར་གསེང་སྐོར་མ་བཅོ་ལྔར་བཏང་སྟེ། བཀའ་འདྲི་ཡོད་རིགས་ནས་བཀའ་འདྲི་ཞུ་རྒྱུའི་དུས་ཚོད་གནང་བར་གཉིད་ཀྱི་རྣལ་འབྱོར་དང་། ཞི་བདེ་ཡོང་བར་གོ་མཚོན་མེད་པ་བཟོས་ཏེ་འགྲོ་བ་མིའི་ཚེ་སྲོག་ལ་སྲུང་སྐྱོབ་དགོས་སྐོར་བརྗོད་བཞིན་པ་ལྟར་དུད་འགྲོ་ལའང་གཅིག་མཚུངས་ཡིན་མིན་སོགས་དྲི་བ་ཁག་གཅིག་བཀའ་ལན་སྩལ་བ་དང་། 

ཆུ་ཚོད་ ༡༡ ཡོལ་མཚམས་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་དངོས་སུ་དབུ་འཛུགས་གནང་སྟེ་ཆུ་ཚོད་ཕྱེད་ཀ་ཡོལ་མཚམས་ཉིན་དང་པོའི་ཆོས་འབྲེལ་གནང་སྒོའི་མཐའ་མར་བཀའ་སློབ་སྩལ་དོན། དེ་རིང་འདིར་ཆོས་འབྲེལ་བྱེད་པ་འདི་ནི་༸རྒྱལ་བ་རིན་པོ་ཆེའི་ཆོས་འབྲེལ་གནང་སྟེ་བྱིན་རླབས་ཐོབ་སོང་སྐལ་བ་བཟང་པོ་ཐོབ་སོང་བསམ་པ་ཙམ་མ་ཡིན་པར། དེ་རིང་འདིར་འཛིན་གྲྭ་འཚོགས་པ་ཡིན་བསམ་པའི་འདུ་ཤེས་འཛིན་དགོས། དེར་བརྟེན་ཞོགས་པར་ངོས་ནས་བཤད་པ་དག་ཕྱི་དྲོ་གྲྭ་ཚང་གི་མཁན་པོ་དང་། ཁོང་ཚོ་ཁ་ཤས་རེ་མོས་བྱས་ཏེ་ཁྱོད་རང་ཚོས་དོགས་གཅོད་བགྲོ་གླེང་བྱས་ཏེ་འཛིན་གྲྭ་འཚོགས་པ་ནང་བཞིན་གནང་དགོས། ཉིན་བཞིའི་རིང་བཀའ་ཆོས་ཟིན་ཏེ་ཕར་ལོག་འགྲོ་སྐབས་སྔར་མ་ཤེས་པ་མང་པོ་ཞིག་ཤེས་སོང་བསམ་པའི་ཐོག་ནས་ལོག་རྒྱུ་ཡོད་པ་ཞིག་བྱོས། ཉིན་བཞི་ལ་བཀའ་ཆོས་ཞུས་པ་ཡིན། སྐལ་བ་བཟང་པོ་བྱུང་། དོན་དག་གང་ཡང་ཤེས་མ་སོང་། འཁྱེར་རྒྱུ་གང་ཡང་མེད་ཟེར་དགོས་ཚེ་དེ་དོན་མེད་རེད། འགྲོ་སོང་བཏང་བའང་འཕྲོ་བརླག་རེད། ཏོག་ཙམ་གཟབ་གཟབ་བྱས་ཏེ་ཉོན། མཁྱེན་སོང་ངམ། ཁྱོད་རང་ཚོས་ཉིན་རེ་བཞིན་དུ་ཤེས་རབ་སྙིང་པོ་འདོན་གྱི་ཡོད་པ་རེད། ད་ནས་ཤེས་རབ་སྙིང་པོ་དོན་དག་ཏོག་ཙམ་གསལ་པོ་ཆགས་ཐུབ་པ་བྱུང་ན་ཆོས་ཉན་བཤད་བྱས་པའི་དགོས་པ་འགྲུབ་པ་རེད། དེ་ལྟར་ཡིན། ཐུགས་རྗེ་ཆེ་ཞེས་ཉིན་དང་པོའི་གསུང་ཆོས་མཇུག་ལེགས་པར་གྲུབ་ཡོད་པ་རེད། 

དེ་ཡང་ཕྱི་ལོ་ ༢༠༡༧ ལོའི་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་གསོལ་འདེབས་ཞུས་པའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་ལ་ཨེ་ཤ་ཡའི་རྒྱལ་ཁབ་ཧིན་རྡི་ནེ་ཤི་ཡ་དང་ཀོ་རུ་ཡ། མཱ་ལེ་ཤེ་ཡ། སངྒཱ་པོར། ཐའེ་ལན་ཌི། ཝེ་དི་ནམ་སོགས་མི་གྲངས་ ༡༥༠༠ དང་། གཞན་ཡང་། ཧོང་ཀོང་དང་། འབྲུག དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༦༡ ནས་ཆོས་ཞུ་བ་ ༦༥༠༠  བཅས་ཁྱོན་བསྡོམས་མི་གྲངས་ ༨༠༠༠ བརྒལ་བ་ཕེབས་ཡོད་པ་བཅས།།